ཕྱི་ལོ་༢༠༢༦ ཟླ་༤ ཚེས་༣ ཉིན། དྷ་ས་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་རང་བཙན་སྐབས་དབྱིན་ཇིའི་སྐུ་ཚབ་བྷ་སིལ་གྷོ་(Basil Gould)བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱང་རྩེ་ལ་སླེབས་པའི་སྐོར་དང་། ༧གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པའི་གསེར་ཁྲི་མངའ་གསོལ་སྐབས་ཁོང་མཉམ་ཞུགས་གནང་ཡོད་པའི་སྐོར། ༧གོང་ས་མཆོག་གིས་ཁོང་ལ་བསྐུར་བའི་གསུང་འཕྲིན་སོགས་འགྲེམས་སྟོན་གནང་སོང་། འགྲེམས་སྟོན་དེ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དབྱིན་ཇིའི་སྐུ་ཚབ་བྷ་སིལ་གྷོ་ཡི་ཚ་མོ་གཉིས་ཀྱིས་དབུ་འབྱེད་གནང་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༡༠།༣༠ ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དབྱིན་ཇིའི་སྐུ་ཚབ་བྷ་སིལ་གྷོ་ཡི་ཚ་མོ་ཧྥ་རན་སིས་ཀུ་ལེར་(Frances C. Cutler,)གཉིས་ཀྱིས་བོད་རང་བཙན་སྐབས་ཀྱི་དབྱིན་བོད་འབྲེལ་ལམ་དང་འབྲེལ་བའི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། སྐབས་དེར། དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བྷ་སིལ་གྷོ་(Basil Gould)ཀྱི་ཚ་མོ་ཧྥ་རན་སིས་ཀུ་ལེར་ལགས་ཀྱི་སྐུ་ཟླ་ཇོ་ན་ཐན་ (Jonathan M Cutler) ལགས། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་སོགས་ཕེབས་གནང་འདུག
བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བརྗོད་དོན། འགྲེམས་སྟོན་འདིའི་ནང་འབྲས་སྤྱི་སྐུ་ཞབས་བྷ་སིལ་གྷོ་(༡༨༨༣-༡༩༥༦) ཡི་མི་ཚེ་དང་ཟིན་ཐོ་བརྒྱུད་ནས་དེང་རབས་བོད་ཀྱི་ལོ་རྒྱུས་ཀྱི་བཀྱོག་མཚམས་གལ་ཆེན་ཞིག་རྩད་ཞིབ་བྱེད་བཞིན་ཡོད། ཁོང་ནི་ཡུན་རིང་བོད་དང་འབྲེལ་བ་ཡོད་པའི་དབྱིན་ཇིའི་གཞུང་ཞབས་ཞིག་ཡིན་པའི་ཆ་ནས་གཞུང་དོན་གྱི་འབྲེལ་བ་དང་། ལོ་རྒྱུས་ཡིག་ཚགས་སྲུང་སྐྱོབ་དང་བོད་ཀྱི་སྤྱི་ཚོགས་ཐོག་བརྟག་ཞིབ་ནན་པོ་བྱས་ཡོད། ཁོང་གི་བཤུལ་བཞག་ཟིན་ཐོ་དང་བརྙན་པར་ཡིག་ཚགས་རྣམས་ད་ལྟ་ཡང་དུས་རབས་ཉི་ཤུ་པའི་བོད་ཀྱི་ཐོག་ཉམས་ཞིབ་བྱེད་པར་རྒྱུ་ཆ་གལ་ཆེན་དུ་གྱུར་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་ནས་བརྗོད་དོན། འགྲེམས་སྟོན་གྱི་དཀྱིལ་དབུས་སུ་སྒུལཌ་རང་ཉིད་ཀྱི་བརྩམས་ཆོས་དང༌། གཞུང་འབྲེལ་འཕྲིན་ཡིག དེ་བཞིན་པར་རིས་དཀོན་རིགས་བཅས་ལས་ཟུར་འདོན་བྱས་ ཏེ་དུས་ཀྱི་རིམ་པ་ལྟར་སྒྲིག་པའི་ལོ་རྒྱུས་རྒྱས་བཤད་ཅིག་མཚོན་པར་བྱེད་ཡོད། ཡིག་ཆ་དེ་དག་གིས་ཁོང་ཐོག་མར་རྒྱལ་རྩེར་ལས་དོན་བསྐོ་བཞག་བྱས་པ་ནས་མགོ་ཚུགས་ཏེ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ྋརྒྱལ་བའི་ཡང་སྲིད་རྩད་གཅོད་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་བཅས་ཀྱི་བར་ལས་དོན་རྣམས་ལ་མཉམ་ཞུགས་བྱས་པའི་གནད་འགག་ཅན་གྱི་ལས་དོན་མང་པོ་བསྒྲུབས་ཡོད། ཅེས་དང་།
འགྲེམས་སྟོན་གྱི་དམིགས་བསལ་དོ་སྣང་བྱ་ཡུལ་གཙོ་བོ་ནི། སྐུ་ཞབས་ཁོང་དང་ཐད་ཀར་འབྲེལ་བ་ཡོད་པའི་དངོས་པོ་ཁག་ཅིག་ཡིན་ཞིང་། དེའི་ནང་ནས་གལ་ཆེ་ཤོས་ནི་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་སྟག་བྲག་པཎྜི་ཏ་ཧོ་ཐོག་ཐུ་རྣམ་གཉིས་ཀྱིས་སྩལ་བའི་གསུང་འཕྲིན་ངོ་མ་གཉིས་པོ་དེ་ཡིན། ཡིག་འཕྲིན་དེ་དག་བྷ་སིལ་གྷོ་་ལ་གནང་བ་ཞིག་ཡིན་ཞིང་། དེའི་ནང་ཨ་རི་རྒྱལ་ཁབ་ནས་དངུལ་བརྗེ་ལེན་དང་ཚོང་འབྲེལ་གྱི་གནད་དོན་གཞན་དག་ཐོག་རོགས་རམ་དགོས་པའི་རེ་འདུན་བཏོན་ཡོད། འགྲེམས་སྟོན་འདིའི་དངོས་པོའི་གཙོ་བོར་གྱུར་པའི་འཕྲིན་ཡིག་འདི་དག་གིས་བོད་གཞུང་གིས་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་ལས་དོན་ལ་ཞུགས་ཚུལ་དང་བོད་མི་རང་གི་ངག་ཐོག་ནས་བོད་མིའི་ངོ་ཚབ་ཀྱི་དཔང་རྟགས་དཀོན་པོ་ཞིག་མཚོན་གྱི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
དེ་ནས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ད་ལྟའི་ཆར་བོད་ནང་རྒྱ་གཞུང་གིས་བོད་ཀྱི་སྐད་དང་རིག་གཞུང་། ངོ་བོ་བཅས་པ་རྩ་མེད་བཏང་དང་གཏོང་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆས་ཤས་ཡིན་པ་དྲིལ་བསྒྲགས་བྱེད་བཞིན་པའི་དུས་སྐབས་དེར་སྐུ་ཞབས་སྦེ་སིལ་སྒུལཌ་ལགས་ཁོང་ཉིད་འབྲས་སྤྱི་གནང་བའི་ལོ་རྒྱུས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོའི་ཐོག་དངོས་སུ་བཅར་བའི་ལོ་རྒྱུས་ཀྱི་གནས་ཚུལ་ཁག་ལས་སྐབས་དེར་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ངོ་བོའི་གནས་བབས་ཐོག་ཡོད་པ་གསལ་སྟོན་བྱས་ཡོད། ལོ་རྒྱུས་ནང་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཅེས་གསུངས་སོང་།
དབྱིན་ཇིའི་སྐུ་ཚབ་བྷ་སིལ་གྷོ་ཡི་ཚ་མོ་ཧྥ་རན་སིས་ཀུ་ལེར་(Frances C. Cutler,) ལགས་ཀྱིས་བརྗོད་དོན། བློ་ཕམ་པ་ཞིག་ལ་ངའི་སྤོ་ལགས་ང་མ་སྐྱེས་པའི་ལོ་གཉིས་སྔོན་ནས་གྲོངས་ཟིན་ཙང་ངས་རང་གི་སྤོ་བོ་ལགས་ལ་རྒྱུས་མེད། འོན་ཀྱང་། ཁོང་གིས་ངའི་མི་ཚེར་བརྗེད་དུ་མེད་པའི་ཤུགས་རྐྱེན་ཐེབས་ཡོད། ང་རང་ས་ཆ་དང་རིག་གཞུང་གཉིས་ཀའི་ཆ་ནས་བོད་དང་འབྲེལ་བ་མེད་པའི་དབྱིན་ཡུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཧེམ་ཤ་ཡར་གྲོང་གསེབ་ནང་དུ་འཚར་ལོངས་བྱུང་བ་རེད། འོན་ཀྱང་ངའི་ཁོར་ཡུག་ནང་དུ་ཐག་རིང་དུ་གནས་པའི་ཡུལ་(བོད)་དེའི་ལོ་རྒྱུས་དང་དྲན་ཤེས་ཀྱིས་བསྐོར་ཏེ་གནས་ཡོད། ཆུང་བྱིས་པའི་དུས་ནས་ང་ཚོའི་སྟེང་ཁང་གི་བར་ཁྱམས་ལ་རྒྱུག་འགྲོ་དུས་ཐང་ཀ་མང་པོ་བང་སྒྲིག་སྟེ་དཔྱངས་ཡོད། ང་ཚོའི་ནང་གི་འཛོམས་རྭའི་ཤིང་ཐབ་སྒང་ལ་༡༩༤༠ ལོར་ཁན་ཝལ་ཁི་ཤི་ན་(Kanwal Krishna)་ཡིས་བྲིས་པའི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་སྐབས་ཀྱི་སྣུམ་ཚོན་རི་མོ་དེ་བཀལ་ཡོད། རི་མོ་དེའི་ནང་གི་མཐའ་སྐོར་དུ་ཡབ་གཞིས་སྐུ་འཁོར་ལྷན་རྒྱས་དང་མཛད་སྒོ་དེ་ཉིད་ཀྱི་ཆུ་ཚོན་རི་མོ་བཀལ་ཡོད། ང་རང་འཚོར་སྣང་ལ་འདི་ཚོ་རྒྱུན་ལྡན་ལྟ་བུ་ཞིག་རེད་འདུག
ཁོང་མོས་མུ་མཐུད་ནས་བརྗོད་དོན། ང་ལོ་བརྒྱད་ཀྱི་ཐོག་ངས་སློབ་གྲྭའི་ལས་འཆར་ཆེད་དུ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པའི་ཡང་སྲིད་རྩད་གཅོད་སྐོར་འབྲི་རྒྱུར་འདམ་པ་ཡིན། ཡང་སྲིད་རྩད་གཅོད་ཞུ་མཁན་རྣམས་ཡང་སྲིད་ཀྱི་འཁྲུངས་ཡུལ་བོད་ཀྱི་ས་ཁུལ་དང་ཁྱིམ་གཞིས་བཅས་ཀྱི་ལམ་རྒྱུས་མ་ནོར་བ་ཇི་ལྟར་བྱེད་ཡོད་པ་དང་། ཆུང་སྲིད་ཁོང་གིས་ཅ་དངོས་འདྲ་མཚུངས་མང་པོའི་ཁྲོད་ནས་༸སྐུ་གོང་མའི་སྐུ་ཆས་རྣམས་ཇི་ལྟར་ངོས་འཛིན་བྱེད་པ་བཅས་ཀྱིས་ངའི་ཡིད་དབང་འཕྲོག ངས་གནས་དོན་དེ་དག་གི་སྐོར་བྲིས་ཐུབ་པའི་རྒྱུ་མཚན་ནི་ང་རང་གི་སྤོ་བོ་ལགས་ཀྱི་བྲིས་པའི་དཔེ་དེབ་(པདྨའི་ནང་གི་ནོར་བུ།) བཀླགས་མྱོང་ཙང་རེད། དེའི་ནང་ཁོང་གིས་ལོ་ན་བཞིར་སོན་པའི་ཕྲུ་གུ་དེས་ཉིན་བསྟུད་མར་འགུལ་བསྐྱོད་མ་གཏོང་བར་བསྡད་ཐུབ་པ་དང་། ཁ་ཁུ་སིམ་མེར་བཞུགས་པའི་གནས་ཚུལ་སྐོར་བྲིས་ཡོད། དེས་ང་ལ་སྔ་ས་ནས་སེམས་འགུལ་དྲག་པོ་ཐེབས་སོང་ལ་ད་ལྟའང་ཐེབས་ཀྱི་འདུག ཅེས་གསུངས་སོང་།
མཐའ་མར། སྲིད་སྐྱོང་མཆོག་གིས་ཐེངས་འདིའི་དུས་ཐུང་གི་འགྲེམས་སྟོན་འདི་ནི་ལོ་རྒྱུས་ཐོག་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས་ཡིག་ཚགས་དེ་ལྟ་བུ་བོད་མིའི་སྒྲིག་འཛུགས་ལ་ཞལ་འདེབས་སུ་གནང་བར་དབྱིན་ཇིའི་སྐུ་ཚབ་བྷ་སིལ་གྷོ་ཡི་ཚ་མོ་ཧྥ་རན་སིས་ཀུ་ལེར་(Frances C. Cutler,) དང་ཁོ་མོའི་ནང་མིར་ཐུགས་རྗེ་ཆེ་ཞུས་གནང་སོང་། ཁོང་གིས་བོད་དང་དབྱིན་ཇིའི་དབར་ལོ་རབས་མང་པོའི་རིང་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པ་དང་། བོད་ནང་དུས་རབས་བཅོ་བརྒྱད་ནས་བཟུང་ཕྱི་རྒྱལ་བ་མང་དག་གཅིག་ཕེབས་ཡོད་སྐོར། དེ་སྔོན་ཁོང་ནས་ལོན་ཌོན་དུ་གནས་སྡོད་བྱེད་བཞིན་པའི་མཁས་པ་ཁག་གཅིག་ལ་བོད་དང་དབྱིན་ཇིའི་དབར་གྱི་འབྲེལ་བའི་ལོ་རྒྱུས་སྐོར་གྱི་དཔེ་དེབ་འབྲི་རྩོམ་གྱིས་དབྱིན་ཇིའི་མི་རབས་གསར་པ་རྣམས་ལ་གོ་རྟོགས་སྤེལ་དགོས་པའི་འབོད་སྐུལ་ཞུས་ཡོད། ལོ་རྒྱུས་ཀྱི་ཡིག་ཆེ་འདི་ལྟ་བུ་ཡོད་སྐབས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་ཕན་ཐོགས་ཆེན་པོ་འདུག ཅེས་སོགས་གསུངས་སོང་།