ཕྱི་ལོ་༢༠༢༥ ཟླ་བ་༤ ཚེས་༧ ཉིན་སྤེལ། ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་གཞོན་ནུའི་ཚོགས་མི་དང་བོད་མི་གཞན་ཁག་ཅིག་གིས་རྒྱ་དམར་གཞུང་གིས་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་བསྲེས་ལྷད་ཀྱི་སྲིད་བྱུས་དང་རྒྱ་བསྒྱུར་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། ༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་་རྣམས་གློད་གྲོས་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་བོད་རྒྱའི་དཀའ་ངལ་གསལ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་ཚོགས་པ་ཁག་ནས་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
དེ་ཡང་། ཟླ་འདིའི་ཚེས་༦ ཉིན། ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནིའུ་ཡོག་ཏུ་གཏན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ། བོད་མི་བརྒྱད་ཀྱིས་ཆུ་ཚོད་༩༠ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བརྩམས་འདུག་ཅིང་། ལས་འགུལ་དེ་ནི་གོང་ཚེས་༦་ནས་༡༠་དབར་སྤེལ་རྒྱུ་ཡིན་འདུག ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞུགས་མཁན་གྲས་ནས་ས་གནས་གཞོན་ནུའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་དང་། ཀུན་བདེ་པ་སངས་ལགས། ཚེ་བརྟན་ལགས། བསྟན་འཛིན་དབང་འདུལ་སོགས་ཡོད་འདུག
ས་གནས་གཞོན་ནུའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས་ད་ལྟར་བོད་ནང་གི་གནས་སྟངས་ནི་ཉིན་རེ་ནས་ཉིན་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད། རྒྱ་དམར་གཞུང་གིས་བོད་ཀྱི་བྱིས་པ་རྣམས་བཙན་བཀལ་གྱིས་བཅའ་སྡོད་སློབ་གྲྭའི་ནང་བཅུག་པ་དང་། ད་ལྟར་རྒྱ་གཞུང་གིས་ཁྲིམས་གསར་བཟོས་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་ཕྱིར། བོད་མི་ཚོས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།
ཁོ་ཚོའི་ལས་འགུལ་དེའི་དགོས་འདུན་ཁག་ནི་གཤམ་གསལ་རེད།
༡༽ ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་དགུང་ལོ་༦ ཡིན་པའི་ཀུན་གཟིགས་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་དབར་གར་སོང་ཆ་མེད་གྱུར་ཡོད་ཅིང་། ཁོང་དང་ཁོང་གི་ནང་མི་དང་དགེ་རྒན་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་གྲོལ་དགོས།
༢༽ བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཟོ་རྒྱུའི་བཅའ་སྡོད་སློབ་གྲྭ་སོགས་ངན་པའི་སྲིད་བྱུས་ཡོངས་སུ་འཕྲལ་དུ་མཚམས་འཇོག་གིས་རང་སོ་སོའི་མི་རིགས་ཀྱི་་སྐད་ཡིག་དང་རིག་གཞུང་བཟང་པོ་གཅེས་སྲུང་བྱ་རྒྱུའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་རྒྱུ།
༣༽ རྒྱ་ནག་གཞུང་ནས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་ལས་གཞི་་ཤིང་ནགས་གཅོད་འབྲེག གཏེར་ཁ་བསྔོགས་འདོན། ཆུ་རག་བཟོ་བསྐྲུན་སོགས་ཨེ་ཤི་ཡ་གཙོར་བྱས་པའི་འཛམ་གླིང་སྤྱིའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་ལ་གནོད་ཚབ་ཆེ་བས་ལས་གཞི་་ཡོངས་སུ་འཕྲལ་དུ་མཚམས་འཇོག་དགོས།
༤༽ རྒྱ་གཞུང་ནས་༧སྐུའི་ཡང་སྲིད་ངོས་འཛིན་བྱ་སྲོལ་བོད་ཀྱི་ཆོས་ཕྱོགས་ལ་ཐེ་བྱུས་ནམ་ཡང་མི་ཆོག་པ་དང་། དེའི་འགན་དབང་མགོན་པོ་གང་ཉིད་མཆོག་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩར་མ་གཏོགས་རྒྱ་གཞུང་ནས་ཐེ་བྱུས་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས།
༥༽ རྒྱ་ནག་གཞུང་ནས་ཉེ་ཆར་ཁྲིམས་སུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་འདེད་ཟེར་བ་འདི། དོན་དངོས་སུ་བོད་མི་རིགས་གཙོ་བོར་བྱས་པའི་གྲངས་ཉུང་མི་རིགས་ཡོངས་ཁྲིམས་ཀྱི་ཐོག་ནས་རྩ་མེད་གཏོང་རྒྱུའི་ངན་ཚབས་ཅན་གྱི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་འཕྲལ་དུ་མཚམས་འཇོག་དགོས།
༦༽ གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མིའི་ནང་མི་སྤུན་མཆེད་ལ་བཙན་དབང་གནོན་ཤུགས་དང་། རྡིག་ར་སྐུལ་བ་སོགས། རྒྱལ་འཚམས་བརྒལ་བའི་དྲག་གནོན་ཡོངས་སུ་འཕྲལ་དུ་མཚམས་འཇོག་དགོས།
༧༽ བོད་ཀྱི་བདེན་པའི་འཐབ་རྩོད་དང་རང་དབང་རང་བཙན་སླར་གསོའི་ལས་འགུལ་ལ་གུས་བརྩི་དང་འབྲེལ་བོད་རྒྱའི་དཀའ་ངལ་གསལ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་ཚོགས་པ་ཁག་ནས་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་རེ་སྐུལ་དང་། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་ཡོང་ཐབས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།