ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༦ ཉིན། གངས་སྐྱིད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། རྩོམ་པ་པོ་ལྷ་མོ་དོན་གྲུབ་ལགས་ཀྱིས་བྲིས་པའི་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐོར་གྱི་སྙན་དེབ་ <<བསྐལ་པའི་མེ་འཕྲིན་དམར་པོ།>> ཞེས་པའི་དཔེ་དེབ་ཅིག་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་ཉིན་མོ་དང་བསྟུན་དབུ་འབྱེད་གནང་སོང་། དཔེ་དེབ་དེ་ནི་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་གཙོས་པའི་བོད་བསྟན་སྲིད་དང་མི་རིགས་ཆེད་རང་ལུས་མེར་བསྲེགས་གནང་མཁན་གྱི་བོད་ཀྱི་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་དང་བཀའ་དྲིན་མཚོན་ཆེད་དུ་ཡིན་འདུག
དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༡༡ ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐོར་གྱི་སྙན་དེབ་ <<བསྐལ་པའི་མེ་འཕྲིན་དམར་པོ།>> ཞེས་པའི་དཔེ་དེབ་དབུ་འབྱེད་དང་བགྲོ་གླེང་གནང་སོང་། དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་ལ་བོད་ཀྱི་རྩོམ་པ་པོ་བུ་ཆུང་ལགས་དང་བསྟན་འཛིན་བརྩོན་འགྲུས་ལགས། རྩོམ་པ་པོ་ལྷ་མོ་དོན་གྲུབ་ལགས་(སྨྱུག་མིང་གངས་ཅན་རིག་པའི་ཁུ་བྱུག)། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་། ཉམས་ཞིབ་པ་ཕན་ཐོགས་ལགས་གཙོས་པའི་ཉམས་ཞིབ་ཁང་དེའི་ཉམས་ཞིབ་པ་སོགས་ཕེབས་གནང་འདུག
དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནས་ཕྱི་ལོ་༢༠༡༢ ཟླ་༣ ཚེས་ ༢༦ ཉིན་རྒྱ་ནག་དམར་གཞུང་གི་སྲིད་འཛིན་ཧུ་ཅིན་ཐའོ་རྒྱ་གར་ལ་ཡོང་སྐབས་རྒྱ་གཞུང་གིས་བོད་ནང་གདུང་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་བོད་མི་རྣམས་ལ་སྡུག་སྦྱོར་མནར་གཅོད་བཏང་དང་གཏོང་བཞིན་པར་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་གནང་ཡོད། དཔེ་དེབ་འདི་དཔར་བསྐྲུན་ཞུ་དོན་ནི་དཔའ་བོ་ཁོང་རྗེས་དྲན་དང་འཛམ་གླིང་མི་མང་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ཡོང་ཆེད་སོགས་ཡིན་འདུག
ཐོག་མར། ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་དཔེ་དེབ་དེའི་གལ་ཆེན་རང་བཞིན་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཅི་ཕྱིར་དཔར་བསྐྲུན་ཞུ་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་སོང་། དེ་ནས་རྩོམ་པ་པོ་བུ་ཆུང་ལགས་ཀྱིས་འཚེ་མེད་ཞི་བའི་ཐོག་ནས་རང་ལུས་མེར་བསྲེགས་གནང་མཁན་གྱི་ལས་འགུལ་ནི་བོད་ཀྱི་འཐབ་རྩོད་ཁྲོད་ཆེས་མཐོ་བའི་ལས་འགུལ་རེད། ཁག་ཅིག་གིས་ཆབ་སྲིད་དང་འབྲེལ་བ་བྱེད་ཀྱི་མེད་སོགས་བཤད་ཀྱི་འདུག འོན་ཀྱང་ང་ཚོ་བཙན་བྱོལ་ཆགས་པ་དེ་ཡང་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད། བོད་ཀྱི་འཐབ་རྩོད་ནང་ཆབ་སྲིད་ནི་བྲལ་ཐབས་མེད་པ་ཡིན་པ་དང་། སྒྱུལ་རྩལ་ཡང་བོད་ཀྱི་འཐབ་རྩོད་ལ་ཁ་ཐུག་འབྲེལ་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་།
དེ་ནས་རྩོམ་པ་པོ་ལྷ་མོ་དོན་གྲུབ་ལགས་ཀྱིས་སྙན་དེབ་དེ་འབྲི་དགོས་པའི་རྒྱུ་མཚན་སྐོར་ནས་གསུང་དོན། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ནི་ངའི་སློབ་མ་ཞིག་ཡིན། ཁོང་གི་སྐུ་ཕུང་ཞུགས་འབུལ་ཆེད་བཞུགས་སྒར་དུ་གདན་འདྲེན་ཞུ་སྐབས། ང་ཡང་ཞོགས་པ་སྔ་མོ་ནས་གླ་འཁོར་ཞིག་ལ་བསྡད་དེ་ངྷ་ཤོད་དུ་སོང་ནས་བསྒུགས་པ་ཡིན། ཅུང་མ་འགོར་བར་སྐུ་ཕུང་གདན་འདྲེན་ཞུ་བའི་རླངས་འཁོར་རྣམས་མཐོང་བ་དང་རང་དབང་མེད་པར་སེམས་ལ་སྡུག་བསྔལ་གྱི་མེ་ལྕེ་དྲག་པོས་སྲེག་པར་བྱས་ཤིང༌། དེ་ནས་བཞུགས་སྒར་བར་ཕེབས་སྐྱེལ་དུ་སོང༌། བཞུགས་སྒར་ཚེ་མཆོག་གླིང་གི་དུར་ཁྲོད་དུ་བོད་མི་མང་བས་མི་ཤོང་བའི་ཚོད་ན་འདུག སྐབས་དེར་རྒྱལ་གཅེས་དཔའ་བོའི་སྐུ་སྤུར་གདན་འདྲེན་དང་ཞུགས་འབུལ་སྐབས། སེམས་ནང་རླབས་ཆེན་གྱི་དཔའ་བོ་ཁོང་གི་མཛད་རྗེས་དེ་བསྐལ་བའི་བར་དུ་མི་ནུབ་པའི་སྙན་རྩོམ་རིང་མོ་ཞིག་འབྲི་རྒྱུའི་སེམས་ཐག་བཅད་པ་ཡིན།
དེ་ལྟར་སེམས་ཐག་གཅོད་དོན་ནི་དབྱིན་ཡིག་ཏུ་ཡོད་པའི་ཨ་ནན་ཧྥུ་རན་ཁད་ཀྱི་ཉིན་ཐོ་ (the Diary of Anne Frank) དང་དེའི་གློག་བརྙན་བལྟས་རྗེས། བུ་མོ་འདིའི་ཕ་རྒན་ཨོ་ཊོ་ཧྥུ་རན་ཁད་(Otto Frank) ཀྱིས་རང་གི་བུ་མོའི་ཉིན་ཐོ་རྣམས་འཛམ་གླིང་ལ་བསྒྲགས་ཏེ། མི་སེམས་ལ་ཟུག་པའི་སྙིང་སྟོབས་དེས་ནང་རྐྱེན་བྱས་ནས་གུས་པས་ཀྱང་རང་གི་སློབ་མ་རྒྱལ་གཅེས་དཔའ་བོ་ཁོང་གི་བླ་མེད་ཀྱི་སྙིང་སྟོབས་དང༌། འགྲན་བྲལ་གྱི་ཆོད་སེམས། རླབས་ཆེན་གྱི་གཏོང་ཕོད་སོགས་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་ཀུན་ལ་སྒྱུ་རྩལ་གྱི་ལམ་ནས་སྟོན་མ་ཐུབ་ན་གུས་པ་གསོན་པོར་གནས་པ་དོན་མེད་དུ་འདོད་ནས་རང་ནུས་ལས་བརྒལ་བའི་ལས་གཞི་འདི་བརྩམས་པར་དམ་བཅས། ད་ཆ་བསམ་བློ་ཞིག་བཏང་ན་དེ་ནི་རང་ནུས་ལས་ཡོངས་སུ་བརྒལ་བའི་སྟོང་བསམ་ཞིག་སྟེ། དེ་ནི་གློ་བུར་བའི་ཚོར་དྲག་ཅིག་གིས་བསྒུལ་བ་ལས་མ་འདས།
ངོ་མ་བཤད་ན། རྗེས་ནས་དངོས་སུ་འབྲི་སྐབས། སྐབས་དེར་ཚོར་འདུ་དྲག་པོས་དམ་བཅའ་དེ་ལྟ་བུ་ཞིག་བཞག་ཀྱང༌། རང་གི་ཤེས་ཚད། འབྲི་རྩལ་གང་གི་ཆ་ནས་བསམ་དུས་སེམས་ལ་བསམ་ཕོད་པ་ལས། ལག་ལེན་དུ་འདེབས་པའི་ནུས་པ་ཅི་ཡང་མེད་པ་གཞི་ནས་ཚོར། དང་པོར་ཚིགས་བཅད་ཤོ་ལོ་ཀ་ཉི་ཤུ་ལྷག་བྲིས་ཀྱང་རང་གིས་བྲིས་པ་ལ་རང་ཉིད་ཀྱང་འདོད་པ་མི་ཁེངས་པས། གུས་པས་བོད་སྐད་དུ་ཡོད་པའི་སྙན་རྩོམ་ལག་ལ་གང་ཐོབ་པ་རྣམས་ཞིབ་ཏུ་བཀླགས་པ་དང༌། སྤྲིན་གྱི་ཕོ་ཉ་གཅིག་པུ་ཡང་བརྒྱ་ཚར་ཙམ་བཀླགས་ཤིང༌། སྐབས་རེར་སྡེར་ནང་ངམ་སྤུ་བྲིས་སུ་ཡོད་པའི་རིན་སྤུངས་ངག་དབང་འཇིག་རྟེན་གྲགས་པའི་ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ་ཞེས་སྙན་པའི་ཟླ་དང་བྲལ་བ་དེ་ལྟ་བུ་དབུ་ཅན་དུ་བསྒྱུར་བ་སོགས་སྙན་རྩོམ་རིང་མོ་འདི་འགྲུབ་པའི་རྒྱུ་ཚོགས་མ་ལུས་པ་བསྒྲུབས་ཤིང༌། ཐ་ན་ཐོག་དང་པོར་བྲིས་པའི་ཚིགས་བཅད་ཤོ་ལོ་ཀ་རེ་རེར་ཡང་ཕལ་ཆེར་བཟོ་བཅོས་ཐེངས་དུ་མར་བྱས། མཚམས་ལན་རེར་མཁས་གྲུབ་རྗེ་དང་། རྒྱལ་དབང་ལྔ་བ། སློབ་དཔོན་རྟ་དབྱངས། ཐེ་གོར་སོགས་ཀྱི་སྙན་རྩོམ་རྣམས་མང་དུ་བཀླགས་ཤིང། མི་ཡུལ་འགྲིམས་པའི་གད་རྒྱངས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། རྟག་ངུའི་རྟོགས་བརྗོད། སྐལ་བཟང་ལེགས་ལམ་མ། རྟོགས་བརྗོད་གསེར་གྱི་མེ་ཏོག རྟོགས་བརྗོད་དངུལ་གྱི་མེ་ཏོག ཡིད་ཀྱི་ངང་མོ་རྣམ་རྩེན། སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ལ་སོགས་པས་མཚོན་པའི་སྙན་རྩོམ་གྲགས་ཅན་དག་ལའང་བལྟས། དེ་ལྟ་ནའང་དེ་སྔར་རང་གིས་བྲིས་ཟིན་པ་ཡོད་ཚད་ལ་སྒྱུ་རྩལ་གྱི་རིན་ཐང་དེ་ཙམ་མེད་པར་ཤེས་ཏེ། སླར་ཡང་ཐོད་བརྒལ་དང་བསྐྱར་མཚོན་གསར་པ། རིས་བྲིས། མདོག་བསྒྱུར་སོགས་སྒྱུ་རྩལ་ཀུན་འདུས་ཀྱི་ཞིང་ཁམས་ཤིག་བསྐྲུན་པར་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས།
བོད་ཀྱི་གནའ་རབས་སྙན་རྩོམ་གྱི་གོ་བ་ཡག་པོ་ཡོང་བར། ནང་ཆོས་ཀྱི་གོ་རྟོགས་མི་དམན་པ་ཞིག་དགོས་པ་སྨོས་མེད་ཡིན་པ་མ་ཟད། མེ་ལོང་མའི་ལུགས་ལ་ངེས་པར་དུ་བྱང་ཆ་དགོས་ཤིང་། གནའ་རྩོམ་གྱི་འགྲེལ་པ་དེ་དག་ནི་ལྷག་པར་དུ་ལས་དང་པོ་བ་གུས་པ་ལྟ་བུར་མཚོན་ན་འཇུག་སྒོ་ལྟ་བུར་གྱུར།
སྟོན་པ་ཐུགས་རྗེ་ཅན་གྱི་མདོ་སྡེ་པདྨ་དཀར་པོ་དང་མདོ་སྡེ་གསེར་འོད། འཕགས་པ་བརྒྱད་སྟོང་པ་དང་གཟུངས་བསྡུས། རྡོ་རྗེ་གཅོད་པ་རྣམས་བཀླགས་ཤིང༌། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་བསྡུས་པ་ཞིག་འབྲི་བར་རྒྱ་གར་ཆོས་འབྱུང་དང་ལམ་རིམ་བླ་རྒྱུད་སོགས་དཔེ་དེབ་སུམ་ཅུར་ཉེ་བ་བཀླགས། ལྷག་པར་དུ་ཐེངས་དུ་མར་བསྒོམ་རིམ་བར་བ་དང་སྤྱོད་འཇུག་སོགས་ལ་བལྟས་ཤིང༌། རྫ་དཔལ་སྤྲུལ་གྱི་གསུང་འབུམ་སྤྱི་དང་ཀུན་མཁྱེན་མི་ཕམ་པ་དང༌། འཇམ་མགོན་བླ་མ་ཙོང་ཁ་བའི་གསུང་གི་ཆ་ཤས་མང་པོ་བཀླག་རྒྱུའི་སྐལ་བ་བྱུང༌།
ལྷག་པར་དུ་སྤྲིན་གྱི་ཕོ་ཉ་བློ་ལ་གོམས་གོམས་བར་དུ་རྩ་འགྲེལ་གཉིས་ལ་བལྟས་ཤིང་གཞན་གྱིས་མ་རྟོགས་པའི་གསང་བའི་གནད་མང་པོ་ཞིག་ཀྱང་རིམ་གྱིས་ཤེས་པར་གྱུར། དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས་དེ་ཉིད་ཐེངས་དུ་མར་སློབ་ཁྲིད་དང་སྦྲགས། ལྟ་ཐེངས་རེ་རེར་མི་འདྲ་བའི་གོ་བ་གསར་པ་སྣ་ཚོགས་སྐྱེས་པས་སྒྱུ་རྩལ་གྱི་བང་མཛོད་ལྟ་བུ་ཡིན་པའི་ངེས་ཤེས་ཅིག་ཅར་དུ་དྲངས། ཞུ་འཕྲིན་རིག་པ་འཛིན་པ་ཕོ་ཉ་དེ་ཉིད་དབུ་མེད་ (སྤུ་བྲིས་སམ་སྡེར་ནང་།) ལས་དབུ་ཅན་དུ་མགོ་ནས་མཇུག་བར་ཕབ་ཅིང༌། ཞིབ་ཏུ་བཀླགས་པ་ན་བོད་ཀྱི་སྙན་ངག་གི་རླབས་རྒྱུན་ལ་ངེས་ཤེས་དང་སྙན་པའི་ཚིག་ དང་ཟབ་མོའི་དོན་གྱིས་ཡིད་རང་དབང་མེད་པར་ཕྲོགས།
འདི་ལྟར་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གསུང་དུ་མ་ཞིག་ལ་མཇལ་བས་རང་ཉིད་ཀྱི་རྩོམ་རྩལ་ལ་རང་ཉིད་ངོ་གནོང་དགོས་པའི་འདུ་ཤེས་ལྡོག་མེད་དུ་ཤར་ཞིང༌། ད་དུང་བྱིས་པའི་ཁྲོད་ཀྱི་སེའུ་བཅུའི་ཚོད་ན་ཡོད་པའི་ངེས་ཤེས་རང་དབང་མེད་པར་སྐྱེས་ཤིང༌། རང་ཉིད་ཀྱི་གནས་བབ་ངོ་མ་གང་ཡིན་པ་དེ་རྗེན་པར་མཐོང་།
གྲགས་ཅན་གྱི་སྙན་རྩོམ་དུ་མའི་སྙིང་བཅུད་བླངས་ཏེ་རང་རྩོམ་འབྲི་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། ལད་ཟློས་ཀྱི་རྣམ་པ་མང་དྲགས་ན་རང་ཚུགས་ཤོར་བ་དང༌། དཔེ་ལྟོས་དང་ལད་ཟློས་བྱེད་ས་མེད་ན་རང་གི་སྒྱུ་རྩལ་གྱི་ནུས་པ་ཆུང་དྲགས་པས་གསར་གཏོད་མི་ནུས་པས་ལས་དང་པོ་རྣམས་ལ་དཀའ་ངལ་འདི་མི་འདོད་བཞིན་དུ་འཕྲད་པས་གུས་པ་ཡང་དེ་ལས་མ་འདས།
འབྲི་ཞོར་འབྲི་ཞོར་ལ་བཟོ་བཅོས་དང་ལས་སྣོན་བྱེད་ཞོར། གྲགས་ཅན་གྱི་སྙན་རྩོམ་དཔེ་ཀློག་ནམ་ཡང་མཚམས་འཇོག་མེད་པར་མདུན་དུ་བསྐྱོད་པས། ནམ་ཞིག་འབྲི་རྩལ་ལ་གདེང་ཐོབ་པ་དེས་གཞན་རྩོམ་ལ་གོ་བ་གཏིང་ཟབ་ལོན་པའི་རམ་འདེགས་སུ་སོང་བ་དང༌། གཞན་རྩོམ་ལས་གཏིང་ཟབ་ཀྱི་གོ་བ་རག་པ་དེས་རང་རྩོམ་གྱི་སྒྱུ་རྩལ་གསར་གཏོད་ལ་ཐད་ཀར་ནུས་པ་ཐོན་པའི་རྟེན་འབྲེལ་ལ་ཡིད་ཆེས་གཏིང་ནས་རྙེད།
ནམ་ཞིག་བོད་ཀྱི་རྩོམ་རིག་གི་རླབས་རྒྱུན་ལ་ངེས་ཤེས་ཆེས་ཆེར་སྐྱེས་ཤིང༌། རང་རྩོམ་གྱི་ཆེས་མཐོའི་སྒྱུ་རྩལ་གྱི་དབྱིངས་སུ་རང་དབང་གིས་བསྐྱོད་པས་ཀུན་ལ་མི་སྨོན་པའི་ཁེར་ཚུགས་ཀྱི་གཤིས་ཀ་གྲུབ་ཅིང་། སྒྱུ་རྩལ་གྱི་ཁེངས་དྲེགས་དང་མཛེས་དཔྱོད་ཀྱི་སྙིང་སྟོབས་གསར་པས་མུ་ནས་མུ་རུ་འབར་གས་རྩོམ་རིག་གི་ཞིང་ཁམས་སུ་སྙེག་འགོ་བརྩམས།
འདི་ལྟའི་ལམ་བུའི་ཁྲོད་དུ་སྐྱོ་གར་ནས་སྐྱོ་གར་དུ་མར་བརྒྱུད་པའི་གཞན་གྱིས་ཐོས་ན་མི་བཟོད་པའི་སྤུ་གྲི་ལྟ་བུའི་སྡུག་བསྔལ་རྣོན་པོ་ཐམས་ཅད་དང་དུ་བླངས་ཤིང༌། ཐ་ན་གཅེས་པའི་ཚེ་སྲོག་ཀྱང་བློས་གཏོང་བར་ཅི་ཡང་མི་སེམས་པའི་བདེ་བ་དང་བདེ་བའི་མཐུན་རྐྱེན་ཡོད་ཚད་ཕྱམ་མེར་བཞག་སྟེ། སྙན་ངག་ལ་འདི་ལྟར་དུངས་ཤིང་གཅེས་པའི་དབང་གིས། ཐོ་རངས་ཀྱི་རྨི་ལམ་ཁར། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོ་མ་ལྷང་ལྷང་དུ་གྲགས་པའི་མོད་ལ། སྙན་ངག་གི་ལྷ་མོ་དབྱངས་ཅན་མ་དགུང་ལོ་བརྒྱད་ཀྱི་རྣམ་པ་ཅན། འཛུམ་པའི་ཞལ་གྱིས་མངོན་སུམ་དུ་རང་གི་མཛེས་སྡུག་ཡོད་ཚད་རྗེན་པར་བསྟན་ཞིང་། གཞན་གྱིས་རྟོགས་དཀའ་བའི་གསང་བ་དུ་མ་ཡང་བརྡ་དང་ཐ་སྙད་མང་པོའི་ཧྲག་བར་དུ་སྦ་བར་བྱིན་གྱིས་དངོས་སུ་བརླབས་པར་རྨིས་པ་ནི་གསོན་པའི་སྙིང་པོ་ཉིད་དུ་འཁུམས་པས་དགའ་ཚོར་སེམས་ལ་ནོན་མ་ཐུབ་ལྟ་བུ་ཞིག་སྐྱེས།
ད་ལྟ་བསམས་ན་སྐྱེས་ཐོབ་དང་སྦྱངས་སྟོབས་ཀྱི་ཤེས་རབ་གཉིས་དང་བྲལ་བའི་གུས་པ་ལྟ་བུར་མཚོན་ན། འདི་ལྟའི་སྙན་དངགས་ཤིག་འབྲི་འདོད་པ་ནི་ངོ་མ་བཤད་ན་སྨྱོན་པའི་སྟོང་བསམ་ལྟ་བུ་ལས་མ་འདས་ཤིང༌། འདི་ལྟ་བུ་ཞིག་དངོས་སུ་ལག་ལེན་ལ་འདེབས་པ་ནི་སྨྱོན་པའི་ལས་ཀ་ལྟ་བུ་ཞིག་ཡིན་དུ་ཆུགས་ཀྱང༌། མ་བསམས་ས་ནས་ཀུན་གྱི་གཟིགས་མོར་གཟུགས་ཅན་དུ་བབས་པ་ནི་རང་ཉིད་ཀྱང་ཡིད་མི་ཆེས་པའི་ཚོད་ན་ཡོད་པས། རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཞེས་པ་དེ་ལ་ཡིད་ཆེས་ཡོད་མཁན་བདག་ལྟ་བུར་ཆ་བཞག་ནས་བཤད་ན། སྙན་ངག་འབྲི་མཁན་ཞིག་ལ་མཚོན་ན། སྙན་ངག་ལ་ག་ཚོད་བློ་དཀར་ཞིང་། སྙན་ངག་གི་ཆེད་དུ་ག་ཚོད་བློས་བཏང་ཞིང༌། སྙན་ངག་གསར་རྩོམ་ལ་གོམས་འདྲིས་ནར་མར་བྱས་པ་ཇི་ལྟ་ཇི་ལྟར། སྒྲ་དབྱངས་ལྷ་མོ་ནི་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་དེ་ལྟ་དེ་ལྟར་ཉེ་བ་ཉེ་བར་བཅར་འདུག་པར་སྙམ། ཞེས་ཁོང་གིས་མི་ལོ་༡༤ རིང་སྙན་དེབ་འདི་འབྲི་བར་དཀའ་ལས་ག་ཚོད་བརྒྱབས་ཡོད་པའི་སྐོར་གསུངས་སོང་།
དཀའ་ལས་འདི་ལྟར་རྒྱག་དགོས་དོན་དང་ཅི་ཕྱིར་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་སྐོར་འབྲི་དགོས་དོན་སྐོར་ནས་གསུང་དོན། དང་ཐོག་རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་ནང་མི་སྐུ་ངལ་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་དང་ཀིརྟི་་རིན་པོ་ཆེ་མཆོག་སོགས་ཀྱིས་ངན་སྐུལ་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་བོད་པའི་གཞོན་སྐྱེས་ཞིག་གིས་བཙན་བྱོལ་རང་དབང་ལུང་པ་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བར་འགྲེལ་བརྗོད་ཇི་ལྟར་བྱེད་དམ། གཉིས་པ་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བློས་གཏོང་དེ་ཆུད་ཟོས་སུ་མ་འགྲོ་བ་ཁོང་གི་སྙིང་སྟོབས་དང་བློས་གཏོང་དེ་འཛམ་གླིང་མི་མང་ཤེས་བཅུག་པའི་ཆེད་དུ་ཡིན། ཞེས་སོགས་གསུངས་སོང་།