ཕྱི་ལོ་༢༠༢༦ ཟླ་༩ ཚེས་༡༩ ཉིན་སྤེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པའི་སྔ་དྲོར། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག སྤྱི་འཐུས་སངས་རྒྱས་རྡོ་རྗེ་ཡིས་"བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་གྲོས་ཆོད་"གྲོས་འཆར་ཞིག་བཏོན་གནང་སོང་། སྐབས་དེར་སྤྱི་འཐུས་ཀརྨ་དགེ་ལེགས་ཀྱིས་དགག་པ་བརྒྱབས་པ་དང་དེ་འབྲེལ་སྤྱི་འཐུས་གྲངས་༡༧ ་ནས་ལས་རིམ་རྣམ་བཞག་བཏོན་རྗེས། གྲོས་ཆོད་གྲོས་འཆར་ལས་རིམ་ནང་ཚུད་མིན་ལ་འོས་འཕེན་པའི་ཁྲོད་རྒྱབ་སྐྱོར་གནང་མཁན་༡༥ དང་དགག་བྱ་གནང་མཁན་༢༣ བཅས་བྱུང་སྟབས་གྲོས་ཆོད་གྲོས་འཆར་དེ་ཚུད་མ་སོང་། ཉིན་དེའི་ཉིན་རྒྱབ་གཞུག་མོལ་ཚོགས་འདུ་ནང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་རང་ལུས་མེར་བསྲེགས་བཏང་བའི་ཉིན་མོ་དང་འདས་གྲོངས་ཕྱིན་པའི་ཉིན་མོ། སྤྱི་ཟླ་༧ པའི་ཚེས་པ་༢ སྤྱི་མོས་ཀྱིས་གཞུང་འབྲེལ་ཐོག” བོད་ཀྱི་དཔའ་བོའི་ཉིན་མོར” སྲུང་བརྩི་ཞུ་གཏན་ཁེལ་ཡོད་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་དབུ་འཛུགས་གནང་སོང་། ཐོག་མར། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག སྤྱི་འཐུས་སངས་རྒྱས་རྡོ་རྗེ་མཆོག་གིས་ཡིག་ཆ་ཨང་། ༢༢ “ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་ཁོར་ཡུག་གཏོར་བཅོམ་དང་དགོན་སྡེ་རྩ་གཏོར། བོད་མི་འབུམ་ཕྲག་མང་པོ་དམར་གསོད་དང་བཙོན་འཇུག་མནར་གཅོད། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཀར་འཇུག ལོ་ན་བཅོ་བརྒྱད་མ་སོན་བར་དགོན་སྡེ་ཁག་ལ་གྲྭ་བཙུན་འཛུལ་ཞུགས་མི་ཆོག་པ་དང་། སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཚན་མེད་པ་བཟོས་ཏེ། ཡུལ་སྲོལ་གོམས་གཤིས་དང་། སྲོལ་རྒྱུན་རིག་གནས། སྐད་ཡིག་བཅས་རྒྱ་བསྒྱུར། བོད་མིའི་ཁྲག་རིས་མངོན་མེད་བཟོ་ཐབས་བྱེད་བཞིན་པ་སོགས། མདོར་ན་བོད་ཅེས་པའི་མིང་བྱང་དང་བཅས་པ་ནག་བསུབས་ཀྱིས་འཛམ་གླིང་འདིའི་ཐོག་བོད་རྒྱལ་ཁབ་དང་མི་རིགས་རྨེག་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་དང་། དངོས་སུ་ཁྲིམས་ལུགས་གཏན་འབེབས་བྱས་པར་མཐོང་ཆོས་སུ་ཡོད་པར་བརྟེན། མགོ་ནག་བོད་མི་གཅིག་ལས་མ་ལྷག་ཀྱང་། རང་དབང་འཐབ་རྩོད་གསོན་པོར་གནས་ཆེད། ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་མངའ་ཐང་སྔར་བཞིན་ཉམས་པ་སོར་ཆུད་ཡོང་ཐབས་སུ། རྒྱལ་ཁབ་དང་མི་རིགས་སླད་དུ་བློས་བཏང་གནང་མཁན། སྔོན་གཤེགས་དཔའ་བོ་འབུམ་ཕྲག་མང་པོའི་མཛད་རྗེས་ལ་སྙིང་ནས་གུས་བརྩི་དང་། བློ་འདོད་རྣམས་ཇི་བཞིན་བསྒྲུབ་པའི་དམ་བཅའ་བརྟན་པོར་བཟུང་སྟེ། རང་དབང་ཆོས་འབྱོར་བདེ་སྐྱིད་དང་། གཞིས་བྱེས་ལྷན་འཛོམས་ཀྱིས་རྒྱལ་ཁབ་སླར་གསོ་མ་བྱུང་བར། སྲོག་གི་ཕྱིར་ཡང་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་གྲོས་ཆོད་དུ། " ཅེས་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ཀྱིས་རྒྱབ་སྐྱོར་གནང་སོང་།
ཚོགས་གཙོ་མཆོག་གིས་གྲོས་འཆར་དེར་དགག་བྱ་ཡོད་མེད་གཟིགས་སྐབས། སྤྱི་འཐུས་ཀརྨ་དགེ་ལེགས་ཀྱིས་དགག་པ་དང་སྲིད་སྐྱོང་གཙོས་སྤྱི་འཐུས་མི་ཉུང་བ་ཞིག་གིས་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་གྲོས་ཆོད་དེ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་ངོ་བོའི་ཐོག་ནས་གྲོས་ཚོགས་སུ་སླེབས་ཡོད་ཀྱང་། གྲོས་ཆོད་ཀྱི་ནང་དོན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་བསྒྱུར་བ་གཏོང་དགོས་མིན་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དེ། བཅའ་ཁྲིམས་དོན་ཚན་ ༥༦ དང་འགལ་གྱི་ཡོད་པ་གསུངས་སོང་། དེར་བརྟེན་གྲོས་ཆོད་གྲོས་འཆར་ལས་རིམ་ནང་ཚུད་མིན་ལ་འོས་འཕེན་པའི་ཁྲོད་རྒྱབ་སྐྱོར་གནང་མཁན་༡༥ དང་དགག་བྱ་གནང་མཁན་༢༣ བཅས་བྱུང་སྟབས་གྲོས་ཆོད་གྲོས་འཆར་དེ་ཚུད་མ་སོང་།
སྤྱི་འཐུས་སངས་རྒྱས་རྡོ་རྗེ་ཡིས་འགྲེལ་བརྗོད་ལྟར་ན། ཉིན་དེའི་ཉིན་རྒྱབ་རྒྱབ་གཞུག་མོལ་ཚོགས་འདུ་ནང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་འདས་གྲོངས་ཕྱིན་པའི་ཉིན་མོ། སྤྱི་ཟླ་༧ པའི་ཚེས་པ་༢ སྤྱི་མོས་ཀྱིས་གཞུང་འབྲེལ་ཐོག” བོད་ཀྱི་དཔའ་བོའི་ཉིན་མོར” སྲུང་བརྩི་ཞུ་གཏན་ཁེལ་ཡོད་འདུག
དེའི་རྗེས། སྤྱི་འཐུས་ལྷག་པ་ཚེ་རིང་མཆོག་གིས་ ཡིག་ཆ་ཨང་། ༢༣ “ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཞབས་ཞུ་བར་གཏོགས་པ་ཚང་མས་གཞུང་འབྲེལ་ཕྱག་ལས་གནང་སྐབས་ཕ་སྐད་གཙང་མ་བཀོལ་སྤྱོད་གནང་རྒྱུའི་” གྲོས་ཆོད་གྲོས་འཆར་བཏོན་པར། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་གིས་རྒྱབ་སྐྱོར་གནང་རྗེས། རིམ་པས་སྤྱི་འཐུས་རྣམ་པས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་། རྒྱ་ནག་དམར་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཁྲིམས་དང་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་པར་གདོང་ལེན་གནང་ཕྱོགས། བོད་ཀྱི་སྐད་ཡིག་མི་ཉམས་གོང་སྤེལ་སླད་བོད་མི་ཚང་མས་འགན་ཁུར་བཞེས་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་ལྷུགས་པོ་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་སོང་།