17
Mon, May

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༢༩ཉིན། བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུ་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༢༩ཉིན། གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་གྱིས་བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོར། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ།(Bharat Tibat Sahyog Mach) དེ་བཞིན་ལྡི་ལིར་གཏན་གཞི་བྱས་པའི་ངག་མེད་པའི་མགྲིན་ཚབ་(Voice for the Voiceless) ཚོགས་པ་བཅས་ཟུང་སྦྲེལ་གྱིས་། བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་དང་སྟབས་བསྟུན་ཏེ་༼  བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ལས་འགུལ།༽ ཞེས་པའི་གཏམ་བཤད་བརྒྱུད་ནས་ལས་འགུལ་ཞིག་སྤེལ་འདུག

གཏམ་བཤད་ཀྱི་ལས་འགུལ་དེའི་ནང་དུ། སྐུ་མགྲོན་གཙོ་བོ་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་ཌི་རེ་ཤེ-ཀོ་མར་(Indresh Kumar)ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་རྒྱ་རུ་སྒྲོལ་མ་མཆོག དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པན་ཀ་ཇི-གྷོ་ཡལ་(Pankaj Goyal)ལགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དབུས་པའི་དབུས་རྒྱུན་ཁག་ཅིག་གིས་ལྷན་ཞུགས་ཐོག་གསུང་བཤད་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་ལགས་ཀྱིས་བརྗོད་དོན། ཟླ་༤་ཚེས་༢༩་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཏན་འབེབས་བྱས་པའི་བོད་ཀྱི་དཔའ་བོ་དཔའ་མོ་ཉིན་མོ་ཞིག་ཆགས་ཡོད་རེད། རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ངན་པར་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་༡༥༧ རྣམས་ལ་གུས་བརྩི་དང་། ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ལས་འགུལ་ཞེས་པ་ཞིག་དབུ་འཛུགས་ཞུ་བཞིན་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། འདི་ནི་ཕྱི་ལོ་ ༡༩༩༨ ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་རང་ལུས་མེར་བསྲེགས་གནང་ནས་སྐུ་སྲོག་ཤོར་བའི་ཉིན་མོ་དེ་འཁེལ་ཡོད། ཚང་མས་མཁྱེན་གསལ་ལྟར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ནི་བོད་ཀྱི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཆེས་ཐོག་མ་དེ་ཡིན། ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི། རང་ལུས་མེར་བསྲེགས་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་ཡོད་དོ་ཅོག་ལ་གུས་བརྩི་དང་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུས་ཏེ། ཁོང་རྣམས་ལ་དྲན་གསོ་དང་ཁོང་རྣམ་པའི་མི་ཚེའི་ལོ་རྒྱུས་ལ་རྒྱུས་ལོན་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད།

རྒྱ་གར་དང་རྒྱལ་སྤྱིའི་ནང་དུ་བོད་ཀྱི་དཔའ་བོ་དཔའ་མོ་ཁོང་རྣམ་པའི་ཐུན་མོང་གི་འདོད་འདུན་གསལ་སྟོན་བྱ་རྒྱུ། བོད་མི་རྣམས་ཀྱིས་ཡོད་ཚད་བློས་གཏོང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་ཐོག་རང་ལུས་མེར་བསྲེགས་གནང་དགོས་བྱུང་བའི་ད་ཡོད་བོད་ཀྱི་ཛ་དྲག་གི་གནས་སྟངས་གསལ་སྟོན་བྱས་ཏེ་ཕྱིར་བསྒྲགས་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

ད་དུང་ཁོང་གིས་ལས་དོན་སྤེལ་ཕྱོགས་ནས་ཞུས་པ་ཡིན་ན། ང་ཚོས་རྒྱ་གར་ནང་གི་བོད་མིའི་གཞིས་རྫོང་ཁག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་ཁག་སོགས་གནད་འགག་ཅན་གྱི་ལྟེ་གནས་སུ་ས་གནས་སོ་སོའི་འགོ་ཁྲིད་དང་། དྭང་བླངས་བ་གནང་འདོད་ཡོད་རིགས་ཚུད་པའི་ལས་དོན་དེ་མཇུག་སྐྱོང་གནང་མཁན་འབྲེལ་མཐུད་པའི་ཚོགས་ཆུང་གྲངས་༡༠༨ བསྐོ་བཞག་བྱས་ཏེ། རང་ལུས་མེར་བསྲེགས་གནང་མཁན་ནང་ནས་དཔའ་བོ་དཔའ་མོ་ཁྱོན་བསྡོམས་༡༠༨ ཐད་ཀར་སུ་བྱུང་འདེམས་སྒྲུག་གིས་འབྲེལ་མཐུད་ཚོགས་ཆུང་རེ་རེར་ལས་འགན་གནང་རྒྱུ་ཡིན། ཞེས་གསུངས་སོང་།

དེ་མཚུངས། ལས་དོན་སྤེལ་མཁན་ཚོགས་ཆུང་རྒྱ་གར་ཕུད་ཕྱི་རྒྱལ་ཡུལ་གྲུ་རྣམས་ལའང་རིམ་པས་བསྐོ་བཞག་གིས་གོང་འཁོད་ ༡༠༨ མིན་པའི་དཔའ་བོ་དཔའ་མོ་ལྷག་མ་རྣམས་ང་ཚོས་ཤེས་རྟོགས་ཡོད་པ་རྣམས་ཀྱི་མཚན་ཐོ་རེ་རེ་བཞིན་འབུལ་རྒྱུ་དང་། ས་གནས་སོ་སོར་ལས་དོན་སྤེལ་མཁན་འབྲེལ་མཐུད་ཚོགས་ཆུང་༡༥༧ བསྐོ་བཞག་གིས་རང་ལུས་མེར་བསྲེགས་གནང་མཁན་གྱི་མཚན་གཞུང་རེ་རེ་བཞིན་ཕུལ་རྗེས་དཔའ་བོ་དཔའ་མོ་སོ་སོའི་རང་ལུས་མེར་བསྲེགས་གནང་བའི་ཟླ་ཚེས་བཞིན་ལོ་རེར་ཐེངས་རེ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན།

བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་བའི་སྐབས། ཚོགས་ཆུང་སོ་སོ་ནས་ལས་དོན་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་རང་ལུས་མེར་བསྲེགས་གནང་མཁན་རྣམས་སྐབས་དེར་ཅི་བྱ་གཏོལ་མེད་དུ་གྱུར་བའི་གནས་སྟངས་དང༌། ཁོང་རྣམ་པ་ཚང་མའི་འདོད་འདུན་དང་ཚོར་ཤུགས་གཅིག་གི་འོག་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱིས་རང་སྲོག་བློས་བཏང་གནང་བ་གསལ་སྟོན་ཐུབ་དགོས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།