17
Mon, May

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༢༦ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་འདུག དེའི་ནང་དུ། རྒྱ་གཞུང་གིས་མུ་མཐུད་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པའི་གནས་སྟངས་སྐོར་སོགས་འགྲེལ་བརྗོད་བྱས་འདུག

དེ་ཡང་། རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་ཡོད་པ། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་པའི་སྐོར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་བ་ཙམ་གྱི་འཛིན་བཟུང་བཙན་ཁྲིད་བྱེད་ཀྱི་ཡོད་པ་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག

སྙན་ཐོ་འདིའི་ནང་དུ་གསལ་དོན། འདས་པའི་ལོ་ངོ་འདི་དག་གི་རིང་ལ་བོད་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་དང༌། ལྷག་པར་དུ་ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་བསྐོས་རྗེས། ཆབ་སྲིད་ཀྱི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི། “འགྲོ་བ་མིའི་རིགས་ལ་རྒོལ་བའི་ཁྲིམས་འགལ་ནག་ཉེས་”ཀྱི་གནས་ཚད་ཆགས་ཁར། ཁྲིམས་འགལ་གྱི་དམར་གསོད་དང་མནར་གཅོད་ཇེ་མང་དང༌། ཁྲིམས་འགལ་ལུགས་འགལ་གྱི་བསམ་སྦྱོར་དང་གང་བྱུང་བཀག་སྐྱིལ་ཁྱབ་ཆེར་བཏང་འདུག

ཕྱི་ལོ་༢༠༢༠ ལོར་“བརྟན་ལྷིང་སྲུང་སྐྱོང་” དང་། “མི་རིགས་མཐུན་སྒྲིལ”། “ནག་སེལ་གཤེད་བཅོམ་”ཟེར་བ་ལས་འགུལ་སོགས་དྲག་གནོན་སྲིད་ཇུས་རབ་དང་རིམ་པ་མང་པོ་ལག་བསྟར་གྱིས། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བ་དང་ཕྱི་ལོ་༢༠༢༡ ནས་ ༢༠༢༥ བར་གྱི་ལོ་ལྔ་ཚན་བཅུ་བཞི་བའི་འཆར་འགོད་ཟེར་བ་གཏན་འབེབས་བྱས་ཐོག་དམར་ཤོག་རྒྱལ་ཁབ་ཀྱི་སྲིད་དབང་གཅིག་སྡོམ་སྒེར་གཅོད་དབང་སྒྱུར་རྒྱུན་འཁྱོངས་བྱས་ཤིང་། ཚོགས་ཆེན་སྟེང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། “འཕེལ་རྒྱས་ཀྱི་སྤུས་ཀ་མཐོ་རུ་གཏོང་བ”དང༌། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་འཛུགས་སྐྲུན”། དབུལ་སྐྱོར་མཁྲེགས་གཏོར་དམག་འཐབ་ལ་དམིགས་པ། རྒྱལ་ཁབ་ཀྱི་ཐོན་སྐྱེད་རྩ་འབོར་དང་ཐོན་འབེབས་ཇེ་མཐོར་གཏོང་དགོས་པའི་བཀའ་ཁྱབ་བཏང་། བོད་མི་མཉམ་ཞུགས་མེད་པར་དཔལ་འབྱོར་སྲིད་ཇུས་ཟེར་བ་དེ་ཡང་དམར་ཤོག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་དང་དེའི་བདེ་འཇགས་ལས་དོན་དང་དེའི་ཆབ་སྲིད་དམིགས་ཡུལ་གཞིར་བཟུང་ནས་རྒྱལ་ཡོངས་སུ་གཏན་འབེབས་ལག་བསྟར་བྱ་བར་ཐག་བཅད། བོད་ནང་དུ་ཆབ་སྲིད་ཀྱི་སྟངས་འཛིན་དང་། “བརྟན་ལྷིང་སྲུང་སྐྱོང་”གི་ལས་དོན་རྒྱུན་འཁྱོངས་བྱ་དམིགས་ཡུལ་གཞིར་བཟུང་ནས་རྒྱལ་ཡོངས་སུ་གཏན་འབེབས་ལག་བསྟར་བྱ་བར་ཐག་བཅད།

བོད་ནང་དུ་ཆབ་སྲིད་ཀྱི་སྟངས་འཛིན་དང༌། “བརྟན་ལྷིང་སྲུང་སྐྱོང་”གི་ལས་དོན་རྒྱུན་འཁྱོངས་བྱ་བའི་ཆེད་དུ། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་ཡར་རྒྱས་ཟེར་བ་ནི་དམར་ཤོག་རྒྱལ་ཁབ་ཀྱི་དབང་ཤུགས་དེ་སྤྱི་ཚོགས་ཁྱོན་ཡོངས་སུ་སླེབ་ཐབས་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་ཀྱི་འདུག “བརྟན་ལྷིང་སྲུང་སྐྱོང་”གི་མིང་བྱང་འོག་ཏུ་རྒྱ་གཞུང་གིས་བཙན་དབང་གི་མི་རིགས་རྒྱ་སྒྱུར་དང་མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་རྒྱུན་མཐུད་པའི་རྐྱེན་གྱིས། བོད་མིའི་ཆབ་སྲིད་དང་སྤྱི་དམངས། དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་དང་བཅས་པའི་ཐོབ་ཐང་ཁག་ཚབས་ཆེའི་རྡོག་རོལ་བཏང་།

དེར་མ་ཟད། “མི་རིགས་མཐུན་སྒྲིལ་”ཟེར་བའི་སྲོལ་ཡིག་གསར་བ་ལག་ཏུ་བསྟར་བ་ཡིས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་གྱི་བོད་མིའི་སྲིད་དོན་དང་རིག་གཞུང་ངོ་བོ་དང་བཅས་པ་རྩིས་མེད་བརྡལ་བཤིག་བཏང་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ ནང་དུ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་དབང་ཆ་སྤྲོད་རྒྱུ་སོགས་ཁ་ནས་ཁས་བླངས་པ་ཙམ་མ་གཏོགས་ལག་ལེན་གྱི་ཁག་ཐེག་མེད་པ་རེད། རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་གི་ནང་དུ་ད་དུང་ཆོས་ལུགས་མི་སྣ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཚང་མར་ཁུར་འགན་ཆེན་པོ་བཙན་འགེལ་བྱས། མ་ཟད་ཁྲིམས་སྒྲིག་ཁག་གི་ནང་དུ་“ནག་སེལ་གཤེད་བཅོལ་ལས་འགུལ་” བརྒྱུད་ནས་རྒྱལ་ཁབ་ཀྱིས་“ངོས་ལེན་མེད་པའི་ཆོས་ལུགས་ཉམས་ལེན་”ཁུར་འགན་ཆེན་པོ་བཙན་འགེལ་བྱས། མ་ཟད་ཁྲིམས་སྒྲིག་ཁག་གི་ནང་དུ་ “ནག་སེལ་གཤེད་བཅོལ་ལས་འགུལ་”བརྒྱུད་ནས་རྒྱལ་ཁབ་ཀྱིས་ངོས་ལེན་མེད་པའི་ཆོས་ལུགས་ཉམས་ལེན་ཟེར་བ་སོགས་བཏོན་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་གི་ཡུལ་མི་༡༢ ཉེས་མེད་བཙོན་འཇུག་བྱས་པའི་གནས་སྟངས་ལས་བདེན་དཔང་ར་སྤྲོད་བྱུང་ཡོད།

རྒྱ་གཞུང་གི་ལག་བསྟར་ལས་འགུལ་“བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་ལ་སྒྱུར་”བའི་ཁྲོད་དུ་བསྟུད་མར་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་སྤྱོད་དབང་མེད་པ་བཟོས་ཤིང༌། སྲིད་ཇུས་དེའི་ཁྲོད་དུ་ནང་བསྟན་ཆོས་ལུགས་ཀྱི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚང་མ་རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་ཀྱི་“བརྟན་ལྷིང་” སྲུང་སྐྱོང་ཧུར་ཐག་བྱ་བའི་ལས་དོན་ནང་མཉམ་ཞུགས་ཀྱིས་དེ་ལ་རྒྱབ་སྐྱོར་དང་དེ་ལ་ཡིད་ཆེས་བཅས་བྱེད་དགོས་པའི་བཙན་སྐུལ་བཏང་།

སྤྱི་ནོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་གནང་མཁན་ཚོ་མུ་མཐུད་དུ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གཏོང་མུས་ཡིན་ཁར། “རྒྱལ་ཁབ་མགོ་རྟིང་སློག་པ”་ཟེར་བ་དང་། ཡང་ན་“རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ”་ཟེར་བ་སོགས་ཀྱི་ནག་ཉེས་བཙན་འགེལ་བྱེད་མུས་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་མི་ཆོག་པ་དང་བཀའ་སློབ་ལ་གསན་མི་ཆོག་པའི་དམ་དྲག་དེ་ནི་བོད་རང་སྐྱོང་ལྗོངས་གཅིག་པུ་མིན་པར་བོད་ས་ཡོངས་སུ་ལག་བསྟར་བྱས་འདུག

“རྒྱལ་ཁབ་ཁ་བྲལ”་དང་“མི་རིགས་མཐུན་སྒྲིལ་ལ་གཏོར་བརླག”་ཟེར་བ་དང་འབྲེལ་བའི་སྤྱི་ ཚོགས་བརྒྱུད་ལམ་གྱི་གྲོགས་ཚོམས་བགྲོ་གླེང་ནང་ཞུགས་པ་དང༌ ། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་གནང་བའི་བོད་རྒྱ་གཉིས་ཕན་དབུ་མའི་ལམ གྱི་ཆ་འཕྲིན་ བརྒྱུད་སྤེལ་རིགས་ཚང་མ་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་ནས། རྒྱ་གཞུང་གིས་ཐད་ཀར་དྲ་འཇུག་མཉེན་ཆས་ཝེ་ཕེ་ཨན་(VPN) སོགས་བཀག་སྡོམ་གྱིས། བོད་མིའི་བསམ་བརྗོད་རང་དབང་ནི་ཚབས་ཆེའི་དམ་དྲག་གི་འོག་ཏུ་ལྷག་ཡོད།

རྒྱ་གཞུང་གིས་གང་བྱུང་བཀག་སྐྱིལ་དང་སྡུག་སྦྱོང་མནར་གཅོད་ཀྱི་བསམ་སྦྱོར་ལ་འགྱུར་བ་སྤུ་ཙམ་ཡང་མ་བཏང་བར། དོགས་ཡོད་བོད་མི་ཚོར་ཁྲིམས་ཞིབ་དང་ཉེས་དོན་ར་སྤྲོད་མེད་པར་དུས་ཡུན་རིང་བོར་བཀག་ཉར་གྱིས། ལུས་སེམས་གཉི་གར་མནར་གཅོད་གཏོང་མུས་རེད།

བཀག་སྐྱིལ་འོག་གི་བོད་མི་ཚོར་ “རྒྱལ་ཁབ་ཀྱི་བདེ་འཇགས་”ལ་གནོད་པའི་ནག་ཉེས་བཙུགས་རྗེས། ནམ་ཞར་ནང་མི་དང་ཉེ་འབྲེལ་ཚོར་ཧ་ལམ་བརྡ་ལན་ཙམ་ཡང་མི་སྤྲད་པའི་ཁར་ཁྲིམས་རྩོད་པའང་གླ་རུ་བཅུག་མེད་པ་རེད། མི་སྐྱ་དང་ཡང་སྒོས་གྲྭ་བཙུན་ཚོར་མི་སྤྱོད་ལས་འདས་པའི་བསམ་སྦྱོར་དང་བཙན་དབང་གི་ཆབ་སྲིད་སློབ་གསོ་སྤེལ་བའི་ཆེད་དུ། རྒྱ་གཞུང་གིས་ཁྲིམས་འགལ་བཀག་སྐྱིལ་གྱི་ཆ་རྐྱེན་མང་པོ་བེད་སྤྱོད་བཞིན་པ་ནི་ཧ་ཅང་གི་བློ་འཚབ་སྐྱེ་གཞི་ཆགས་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡར་རྒྱས་འཆར་འགོད་ཁྲོད་དུ་རྒྱ་ནག་ཧན་མི་རིགས་སིམ་འཛུལ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཁག་དམིགས་སུ་འཛིན་པ་དང་། རྒྱ་ནག་ཧན་མི་རིགས་ལ་འཛུགས་སྐྲུན་མ་དངུལ་གྱི་ཁེ་ཕན་བསྐྲུན་ཏེ། རང་ས་རང་ཡུལ་གྱི་གྲངས་ཉུང་བོད་མིའི་འཚོ་གནས་སྣང་མེད་རྒྱ་ཡན་དུ་དོར་ནས་ཁེ་ཕན་དང་ཡར་རྒྱས་ཅི་གང་མེད་པ་དང་ ། མཇུག་འབྲས་དེ་ལ་བརྟེན་ནས་མི་རིགས་འདྲ་མཉམ་མིན་པ་དང་དབྱེ་འབྱེད་ཆེ་བ་དང་ཉམ་ཉེས་བྱུང་བ་རེད།

རྒྱ་གཞུང་གི་གྲོང་ཁྱེར་ཅན་འཛུགས་སྐྲུན་ནས་སྐད་ཡིག་སློབ་གསོ་བར་གྱི་ཡར་རྒྱས་སྲིད་ཇུས་རབ་དང་རིམ་པ་ཚང་མ་བོད་མིའི་རིག་གཞུང་ངོ་བོ་དང་བཅས་བ་རྩ་མེད་བཟོས་ནས་ “ཀྲུང་ཧྭ་མི་ རིགས་” གཅིག་ཏུ་བསྒྱུར་ཐབས་ཀྱི་ཆ་ཤས་ཤིག་རེད།

བོད་སྐད་ཡིག་སློབ་གསོའི་ལམ་ལུགས་རྩིས་མེད་བཏང་ནས་ “སྐད་གཉིས་སློབ་གསོ་”བཙན་སྤེལ་གྱིས། མི་རིགས་རྒྱ་སྒྱུར་དང་རིག་གནས་རྒྱ་སྒྱུར་གཏོང་ཐབས་ཀྱི་རྒྱལ་ཡོངས་གཏན་འབེབས་སློབ་ཚན་ཁག་བེད་སྤྱད་པ་བཅས་ནི། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་བསྟུད་མར་བོད་མིའི་སྲིད་དོན་དང་རིག་གཞུང་ངོ་བོ་དང་བཅས་པར་སིམ་འཛུལ་བྱེད་མུས་ཀྱི་བདེན་དཔང་ཆགས་ཡོད། བོད་ཁུལ་གྱི་སློབ་གྲྭ་ཁག་གི་འབྲིང་རིམ་འཛིན་གྲྭ་ཚང་མ་མེད་པར་བཟོ་དགོས་པའི་གཞུང་འབྲེལ་བཀའ་ཁྱབ་བཏང་བ་དང་། གཏན་འབེབས་ཐག་གཅོད་དེ་ལ་ཞི་རྒོལ་གནང་མཁན་ཚང་མར་དྲག་གནོན་དང་བཀག་ཉར་བྱས་པ་རེད། དེར་མ་ཟད། རྒྱ་གཞུང་གིས་ད་དུང་བོད་ཁུལ་གྱི་སློབ་གྲྭ་ཆུང་གྲས་ཚང་མ་རྒྱ་ནག་གི་སློབ་འབྲིང་ཁག་དང་མཉམ་བསྲེས་ཟུར་གཅོད་བྱས་པ་དེ་ནི། རྒྱ་གཞུང་གིས་བོད་སྐད་ཡིག་དབྱེ་འབྱེད་ཀྱིས། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་གཅིག་དང་སྐད་ཡིག་གཅིག ཀྲུང་གོ་རྒྱལ་ཁབ་ཀྱི་ངོ་བོ་གཅིག་ཏུ་བསྒྱུར་ཐབས་ཀྱི་ལས་དོན་གཞི་རྒྱ་ཆེན་པོ་ཞིག་རེད། ཅེས་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།