13
Tue, Apr

༢༠༢༡་ལོའི་ཟླ་༢་ཚེས་༡༢ཉིན། བོད་ཀྱི་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བཞུགས་སྒར་རྡ་ས་ནས་ལྡི་ལི་བར་གོམ་བགྲོད་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ལོའི་ཟླ་༢་ཚེས་༡༢ཉིན། བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བོད་ཀྱི་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བཞུགས་སྒར་རྡ་ས་ནས་ལྡི་ལི་བར་གོམ་བགྲོད་གནང་སྟེ། རྒྱ་གར་གཞུང་ལ་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བ་དེར་འགྱུར་བ་གཏོང་དགོས་པའི་དགོས་འདུན་བཏོན་སོང་།

དེ་ཡང་། གོང་ཚེས་ཉིན། རྡ་སར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་གཏམ་བཤད་གནང་སོང་། སྐབས་དེར་རྡ་ས་གཡས་གཡོན་གྱི་བོད་མི་བརྒྱ་ཡས་མས་ཤིག་གིས་བསྟན་འཛིན་བརྩོན་འགྲུས་ལགས་ལ་སྐྱེལ་མ་གནང་སོང་།

གོམ་བགྲོད་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གཞུང་ལ་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བ་དེར་འགྱུར་བ་གཏོང་རྒྱུ་དང་། རྒྱ་གར་མི་མང་ལ་བོད་དོན་ཐོག་གོ་རྟོགས་ཡོང་ཆེད་དུ་རེད་འདུག གཞན་ཡང་། རྒྱ་ནག་གིས་རྒྱ་གར་ལ་མུ་མཐུད་སྡིག་སྐུལ་དང་ཧམ་བཤད་བྱེད་པའི་རྒྱུ་མཚན་དེ་རྒྱ་གར་གྱི་གྲོགས་པོ་གྲོགས་མོ་རྣམས་ལ་ཤེས་རྟོགས་ཡོང་ཐབས་བྱ་རྒྱུ་བཅས་ཡིན་འདུག

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གོམ་བགྲོད་འདིའི་སྐོར་གསུང་དོན། གོམ་བགྲོད་དེའི་རིང་ངས་གཙོ་བོ་རྒྱ་གར་གཞུང་ལ་དགོས་འདུན་ནན་ཏན་གྱིས་ཞུ་རྒྱུ་ནི། རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བ་དེར་འགྱུར་བ་གཏོང་དགོས། རྒྱ་གར་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ནའང་། རྒྱ་ནག་གིས་དེ་ལྟར་ཡ་ལན་བྱེད་ཀྱི་མེད། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ཁོང་ཚོའི་ཡིན་ཟེར་གྱི་ཡོད་པ་མ་ཟད། ཧི་མ་ཅལ་དང་། ལ་དྭགས། ཨོ་དིར་ཁན། སི་ཀེམ་དེ་ཚོའི་ས་ཆའི་ཆ་ཤས་ཀྱང་ཁོང་ཚོས་ཡིན་ཟེར་གྱི་ཡོད་པ་རེད། ཀ་ཤི་མེར་གྱི་གནད་དོན་ཐོག་རྒྱ་ནག་གིས་རྒྱ་གར་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་གཏུག་ཡང་ཡང་བྱས་ཡོད་པ་རེད། ང་ཚོས་བསྐྱར་དུ་བསམ་བློ་གཏོང་དགོས་དོན་གཅིག་ལ། རྒྱ་ནག་གིས་རྒྱ་གར་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་ཀྱི་མེད་ན། རྒྱ་གར་གྱིས་རྒྱ་ནག་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་དོན་ཅི་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། དེ་འདྲའི་ལས་འགུལ་ངས་རྒྱལ་སྤྱིའི་ཐོག་ཏུ་ཡང་སྤེལ་རྒྱུ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ན། རྒྱ་ནག་གིས་བཙན་འཛུལ་བྱས་པའི་བོད་དང་ལྷོ་སོག་པོ། ཤར་ཏུར་ཀི་སི་ཐན་དེ་ཚོ་ཡང་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་འགྱུར་བ་གཏོང་དགོས་བཅས་ཞུ་རྒྱུ་ཡིན། ཧོང་ཀོང་ནང་དུ་མང་གཙོའི་འཐབ་རྩོད་ཤུགས་ཆེན་སྤེལ་བཞིན་ཡོད་པ་དེ་ལ་རྒྱབ་སྐྱོར་དང་། ཐའེ་ཝན་རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་གནས་བབས་ལ་ངོས་འཛིན་དགོས་པ་ངས་རྒྱལ་སྤྱིའི་ནང་ཞུ་གཏུག་བྱེད་རྒྱུ་ཡིན། ཞེས་གསུངས་སོང་།

བརྩོན་འགྲུས་ལསག་ཀྱིས་མཐའ་མ་བོད་མི་གཙོས་རྒྱབ་སྐྱོར་རྣམས་ལ་རེ་སྐུལ་ཞུ་དོན། མི་རེ་ངོ་རེས་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་ཐུབ། རྩོམ་ཡིག་དང་གཏོང་ཡིག་དང་རི་མོ་འབྲི་ཐུབ། གཏམ་བཤད་དང་བགྲོ་གླེང་བྱེད་ཐུབ། གློག་བརྙན་བཟོ་སྐྲུན་དང་གཞས་དང་ཞབས་བྲོ་འཁྲབ་ཐུབ། སྤྱི་ཚོགས་དྲ་ལམ་ཐོག་བསམ་ཚུལ་འདོན་ཐུབ་ཀྱི་རེད། གཞན་གྱིས་དེ་ལྟར་བྱས་པ་ཚང་མས་བརྒྱུད་སྤེལ་ཁྱབ་བསྒྲགས་ཐུབ་ཀྱི་རེད། ཅེས་འགྲེལ་བརྗོད་གནང་སོང་།

གོམ་བགྲོད་འདི་ནི་བཞུགས་སྒར་རྡ་ས་ནས་འགོ་བརྩམས་ནས་ཕྱི་ཟླ་༣ པའི་ཚེས་༡༠ཉིན། བོད་མིའི་སྒེར་ལངས་ཆེན་མོའི་དུས་དྲན་ཉིན་ལྡི་ལིར་མཇུག་བསྒྲིལ་གནང་རྒྱུ་ཡིན་པ་དང་། ཟླ་གཅིག་རིང་ལ་སྤྱི་ལེ་༥༠༠་ལྷག་གོམ་བགྲོད་གནང་རྒྱུ་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།