21
Thu, Jan

༢༠༢༠་ལོའི་ཟླ་༡༡་ཚེས་༡༨ཉིན། འཕགས་བོད་ས་མཚམས་སྦག་སྦག་སྐོར་སྐྱོད་པ་རྣམས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༡་ཚེས་༡༨ཉིན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༥༠་ལྷག་གིས་རྡ་ས་ནས་ཧིན་བོད་ས་མཚམས་བར་རྒྱ་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་བྱེད་ཆེད་དུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་སོང་།

དེ་ཡང་། གོང་ཚེས་ཉིན་བཞུགས་སྒར་རྡ་སར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྒྱ་གར་ནང་གི་ས་གནས་བདུན་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་མི་གཞན་ཁག་ཅིག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རོ་ཐང་བཞོན་མཁན(Rohtang Riders) བཅས་ཀྱིས་རྒྱ་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་དང་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་སོགས་བྱེད་ཆེད་རྡ་ས་ནས་ཧིན་བོད་ས་མཚམས་འབྲས་ལྗོངས་ཁིན་ནུར་(Kinnaur, Sikkim)བར་ཉིན་གསུམ་གྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

དང་ཐོག ལས་འགུལ་དེར་དབུ་འཛུགས་ཀྱི་བྱེད་སྒོ་སྟབས་བདེ་ཞིག་ཚོགས་སོང་། མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཁི་ཤིན-ཀཱ་པོ(Kishan Kapoor)མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་མཆོག་དང་ཚོགས་གཞོན་ཨརྱ་ཡི་ཤེས་ཕུན་ཚོགས་མཆོག བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། བོད་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཕེབས་འདུག

དེ་ནས་གཞོན་ལྷན་གྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་བརྗོད་དོན། དེ་རིང་རྒྱ་གཞུང་ཐེར་འདོན་བྱེད་ཆེད་སྦག་སྦག་སྐོར་སྐྱོད་ལས་འགུལ་འདི་འགོ་བརྩམས་དགོས་དོན་ནི། ཕྱི་ལོ་༡༩༤༩་ལོ་ནས་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་པ་དང་། དེ་ནས་ཕྱི་ལོ་༡༩༥༩་ལོར་མི་འདོད་བཞིན་དུ་རྒྱ་དམར་བོད་བཙན་བཟུང་བྱས་པ་རེད། ད་བར་མི་ལོ་༦༠་ལྷག་གི་རིང་རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་་རྡོག་རོལ་བཏང་དང་གཏོང་བཞིན་ཡོད། དམྱལ་བ་མིའི་ཡུལ་དུ་མྱོང་བ་ལྟ་བུ་གནས་སྟགས་ཆགས་བསྡད་ཡོད་རེད། དེར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནི་ཁོ་ཚོའི་མགྲིན་ཚབ་ལྟ་བུ་རེད། དེར་བརྟེན། ང་ཚོས་ལས་འགུལ་སྤེལ་དགོས་པ་ནི་ང་ཚོའི་ལས་འགན་རེད། ཞེས་བརྗོད་སོང་།

ཐེངས་འདི་ལས་འགུལ་གྱི་དགོས་འདུན་གཙོ་བོ་གསུམ་བཏོན་འདུག དང་པོ། ༢༠༡༩་ལོ་ནང་དུ་རྒྱ་ནག་ནས་ཁྱབ་སྤེལ་བྱས་པའི་རྒྱ་ནད་ཏོག་དབྱིབས་གཉན་སྲིན་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རྒྱུ་གཉིས་ལ་རྡབ་གསིག་ཚབས་ཆེན་བཟོས་ནས་ད་བར་མི་འབོར་ས་ཡ་གཅིག་དང་འབུམ་ཉི་ཤུ་རྩ་དྲུག་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་འབོར་ས་ཡ་ལྔ་བཅུ་ལྷག་རྒྱ་ནད་མནར་ནས་སྡུག་བསྔལ་མྱོང་དང་མྱོང་བཞིན་ཡོད་པ། དེ་བརྟེན་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ལའང་གྱོང་གུན་ཚབས་ཆེན་བཟོས་པ་མ་ཟད། ཉམས་ཐག་དབུལ་པོ་མང་དག་ཅིག་ཀྱང་དཔལ་འབྱོར་དཀའ་ངལ་རྐྱེན་པས་ཚེ་སྲོག་ཤོར་བ་སོགས་རྒྱ་དམར་སྲིད་གཞུང་གི་ནག་ཉེས་ཐེར་འདོན་སླད་རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་མཚམས་འཇོག་བྱེད་དགོས།

གཉིས་པ། དེ་བཞིན་བོད་དུ་རྒྱ་དམར་སྲིད་གཞུང་གིས་ཁྲིམས་འགལ་གྱི་བཙན་འཛུལ་བྱས་པ་ནསབཟུང་། བོད་དང་རྒྱ་གར་ས་མཚམས་ལ་རྒྱ་དམག་གིས་ངོ་ཚ་ཁྲེལ་མེད་ཀྱིས་བཙན་འཛུལ་སྔ་ཕྱི་རིམ་པར་བྱས་པ་དང་བྱེད་མུས་ཡིན་པར་བརྟེན། མ་འོངས་པར་རྒྱ་གར་བདེ་འཇགས་ཡོང་སླད་དང་། རྒྱ་ནག་གི་ཁྲིམས་འགལ་བཙན་འཛུལ་ལ་འགོག་རྒོལ་ཆེད་ཐབས་ལམ་བཟང་ཤོས་ནི་སྔར་བོད་ལ་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་བོད་རང་དབང་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན།

གསུམ་པ། ལྷག་པར་དུ་ཉེ་བའི་ཆར་རྒྱ་གཞུང་གི་དམ་དྲག་དང་གདུག་རྩུབ་སྲིད་བྱུས་འོག་ཏུ་བོད་འབྲི་རུར་ཛ་དྲག་གནས་སྟངས་འོག་རྒྱ་གཞུང་གིས་བུད་མེད་ལྷ་མོ་ལགས་ཉེས་མེད་འཛིན་བཟུང་བྱས་པ་མ་ཟད། སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་སོང་ཡོད་པ་དང་། དེ་བཞིན་གཞས་པ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་གཞས་ཤིག་བཏང་བའི་རྐྱེན་གྱིས་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་དྲུག་གི་བཙོན་ཁྲིམས་བཅད་ཡོད་པ་སོགས་རྒྱ་དམར་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་དང་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་ཤེས་ཡོན་ཅན་མང་དག་ཅིག་ཉེས་མིང་སྣ་ཚོགས་བཏགས་ནས་ཁྲིམས་འགལ་གྱིས་ད་བར་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ་དེ་དག་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲད་དུ་གློད་གྲོལ་གཏོང་དགོས། ཞེས་དགོས་འདུན་གསུམ་བཏོན་སོང་།

སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་དུ་མཉམ་ཞུགས་གནང་མཁན་བོད་མི་གསུམ་ལ་བཅར་འདྲི་ཞུས་ཡོད། དང་པོ། རྡ་ས་ནས་ཡིན་པའི་སྐྱེས་པ་ཕུར་པ་རྡོ་རྗེ་ལགས་ཀྱིས་ལས་འགུལ་འདིའི་ནང་དུ་འཛུལ་ཞུགས་བྱེད་དགོས་དོན་ཐོག་བརྗོད་དོན། བོད་ནང་གི་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན། དམིགས་བསལ་ཁམས་འབྲི་རུའི་ནང་དུ་ ཛ་དྲག་གི་གནས་སྟངས་ཆགས་ཡོད། དེར་བརྟེན། རང་ཉིད་བོད་དོན་གྱི་ལས་འགུལ་འདི་ལྟ་བུར་ཞུགས་ནས་ག་ཚོད་ཕན་ཐོགས་ཡོང་མིན་མི་ཤེས་ཀྱང་བོད་དོན་ཆེད་དུ་ལས་འགུལ་ཞིག་སྤེལ་གྱི་ཡོད་བསམ་པའི་ཚོར་བ་སླེབས་ཀྱི་འདུག གཞན་ཐེངས་འདི་བོད་ཀྱི་ས་མཚམས་ལ་འགྲོ་ཡི་ཡོད་ཙམ་ཚོར་བ་མི་འདྲ་བ་ཞིག་དང་བོད་དང་ཐག་ཉེ་ཡོད་པའི་ཚོར་བ་འདུག ཅེས་བརྗོད་སོང་།

གཞན་ཡང་། ཀུ་ལུ་མ་ཎ་ལི་ནས་ཡིན་པའི་སྐྱེས་པ་བསྟན་འཛིན་མི་ཕམ་ལགས་ཀྱིས་བརྗོད་དོན། ང་ཚོའི་རྒྱལ་ཁབ་ཤོར་ནས་མི་ལོ་༦༠་ལྷག་འགྲོ་བཞིན་ཡོད་རེད། ང་ཚོ་བཙན་བྱོལ་རྣམས་ལ་མི་རེར་འགན་རེ་ཡོད་རེད། འགན་འདི་འཁྱེར་གྱི་ཡོད། ལས་འགུལ་འདིའི་ནང་དུ་ཞུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་། དེ་བཞིན་རྒྱ་གར་མི་མང་ལ་བོད་རྒྱ་ནག་གིས་བཙན་འཛུལ་བྱས་རྐྱེན་རྒྱ་གར་ས་མཚམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དང་། གལ་སྲིད་བོད་རང་བཙན་ཐོབ་སོང་ན་རྒྱ་གར་ལ་ས་མཚམས་ཀྱི་དཀའ་ངལ་འཕྲད་ཀྱི་མ་རེད་ཅེས་གོ་རྟོགས་སྤེལ་ཆེད་དུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

ད་དུང་། རྡ་ས་ནས་ཡིན་པའི་སྐྱེས་པ་བློ་བཟང་བྱམས་པ་ལགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་དུ་ཞུགས་དགོས་དོན་སྐོར་བརྗོད་དོན། བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་ཆེད་དུ་ལས་དོན་སྒྲུབ་དགོས་པ་གལ་ཆེན་པོ་རེད། དམིགས་བསལ་ལས་འགུལ་འདི་ནི་ཧིན་བོད་ས་མཚམས་ལ་དཀལ་ངལ་སེལ་ཐབས་ལ་བོད་རང་བཙན་གཙང་མར་ངོས་འཛིན་བྱེད་དགོས་པའི་ལས་འགུལ་ཞིག་ཡིན་ཙང་འཛུལ་ཞུགས་བྱས་པ་ཡིན། ཞེས་བརྗོད་གནང་སོང་།

སྦག་སྦག་སྐོར་སྐྱོད་པ་རྣམས་རྒྱ་གར་ས་གནས་འདྲ་མིན་ནང་དུ་སླེབས་སྐབས་མི་སྣ་ཐུག་འཕྲད་དང་གསར་འགོད་བསྒྲགས་གཏམ་སྤེལ་རྒྱུ་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།