17
Mon, May

༢༠༢༡་ལོའི་ཟླ་༡་ཚེས་༢༡ཉིན། བཞུགས་སྒར་རྡ་ས་ནས་༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་གསར་པ་ཇོར་བྷ་ཌན་ལ་འཚམས་འཕྲིན་སྩལ་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༡ལོའི་ཟླ་༡་ཚེས་༢༡ཉིན། བཞུགས་སྒར་རྡ་ས་རྒྱལ་བའི་ཕོ་བྲང་ནས། ༸གོང་ས་མཆོག་གིས་ཇོར་བྷ་ཌན་ཨ་རིའི་སྲིད་འཛིན་ཆགས་པར་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ། ཨ་རིའི་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་འདི་གནད་དོན་གལ་ཆེ་ཤོས་ཤིག་ཏུ་བརྩིས་པ་དང་། པེ་རཱི་སེ་ཁོར་ཡུག་གྲོས་མཐུན་ནང་དུ་བསྐྱར་ཞུགས་གནང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཞེས་༸གོང་ས་མཆོག་གིས་གསུངས་འདུག

དེ་ཡང་། ཟླ་འདིའི་ཚེས་༢༠ཉིན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཕོ་བྲང་དཀར་པོ་མདུན་དུ། ཨ་རིའི་སྲིད་འཛིན་གསར་པ་ཇོར-བྷ་ཌན(Joe Biden)་དང་སྲིད་འཛིན་གཞོན་པ་ཀཱ་མཱ་ལཱ-ཧཱ་རིས(Kamala Harris)གཉིས་ཀྱིས་ལས་ཁུར་དམ་འབུལ་གནང་སོང་། སྐབས་དེར། ཇོར་བྷ་ཌན་གྱིས་ཨ་རི་མི་མང་རྣམས་མཐུན་སྒྲིལ་དང་འདྲ་མཉམ་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་དང། ཨ་རི་ནང་དུ་ཏོག་དབྱིབས་ནད་དུག་འགོག་ཐབས་གང་ཐུབ་གནང་རྒྱུ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་སོགས་གསུངས་སོང་།

ཟླ་འདིའི་ཚེས་༢༡ཉིན། ༸གོང་ས་མཆོག་གིས་ཇོར་བྷ་ཌན་ལ་འཚམས་འཕྲིན་སྩལ་བའི་ནང་དུ་འཁོད་དོན། དུས་རྒྱུན་དུ་ངོས་ནི་ཁོར་ཡུག་ལ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པའི་ཆ་ནས། ཨ་རིའི་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་འདི་གནད་དོན་གལ་ཆེ་ཤོས་ཤིག་ཏུ་བརྩིས་པ་དང་། པེ་རཱི་སེ་ཁོར་ཡུག་གྲོས་མཐུན་ནང་དུ་བསྐྱར་ཞུགས་གནང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཅེས་དང་།

སྲིད་འཛིན་མཆོག་ནས་ཕྱི་ནང་ལས་དོན་གང་སྤྱིའི་ཐད་ཡར་རྒྱས་ཡོང་ཐབས་ཀྱི་འཆར་གཞི་འདིང་བཞིན་པ་ལའང་བསྔགས་བརྗོད་གནང་འདུག ངོས་ནི་ཨ་རི་ཀྱི་དམངས་གཙོ་དང་། རང་དབང་། ཆོས་དད་རང་དབང་། ཁྲིམས་ཀྱི་དབང་བསྒྱུར་བའི་རླབས་ཆེན་རྒྱལ་ཁབ་ལ་ཡི་རངས་བྱེད་མཁན་ཞིག་ཡིན། ཨ་རི་ནི་འཛམ་གླིང་གིས་རེ་བའི་མིག་ལྟོས་བྱ་ཡུལ་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཞིང་། དེང་སྐབས་འཛམ་གླིང་ནང་དུ་བཀྲེས་སྐོམ་དང་། ནད་ཡམས། འཚེ་བས་མནར་བཞིན་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཁྱེད་ཀྱི་དབུ་ཁྲིད་འོག་ནས་རོགས་ཕན་གང་ཐུབ་གནང་བའི་རེ་བ་དང་ཡིད་ཆེས་ཡོད།

སྲིད་འཛིན་མཆོག་ནས་ཡུན་རིང་པོར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་འཚེ་བ་མེད་པ་དང་། བྱམས་བརྩེའི་རྩ་བ་ཅན་གྱི་ནང་དོན་རིག་པ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་འདི་ཉིད་རྒྱུན་འཛིན་ཐུབ་ཐབས་སུ་ཨ་རིའི་གཞུང་མང་གིས་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ།

མཐའ་མར། ངོས་ནས་ཁྱེད་ཀྱི་ཨ་རི་མི་མང་གི་རེ་བ་དང་མངོན་འདོད་དང་། འཛམ་གླིང་ཞི་བདེ་དང་འཆམ་མཐུན་བཅས་ཀྱི་སྲི་ཞུ་ལས་དོན་རྣམས་ལེགས་པར་གྲུབ་པའི་སྨོན་ལམ་འདེབས། ཞེས་བཀོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།