13
Tue, Apr

༢༠༢༠་ལོའི་ཟླ་༡༢་ཚེས་༢༡་ཉིན། ཨ་རིའི་གྲོས་ཚོགས་མདུན་དུ་སྲིད་སྐྱོང་བློ་བཟང་སེངྒ་མཆོག་དང་ཨ་རིའི་དོན་གཅོད་ཁང་གི་འགན་འཛིན་གཙོས་ལས་བྱེད་རྣམ་པ། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བླངས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༢༡་ཉིན། ཨ་རིའི་གྲོས་ཚོགས་གོང་མ་ནས་༢༠༢༠ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་(Tibetan Policy and Support Act of 2020 )ལ་སྤྱི་མོས་གཏན་འབེབས་གནང་སྟབས། ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཤིག་ཏུ་གྱུར་ཡོད་འདུག ཁྲིམས་འཆར་དེའི་ནང་དུ། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་སྐུ་དབང་སྐུ་སྒེར་དང་བོད་མི་ཚོར་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དང་དེའི་འགོ་ཁྲིད་སྲིད་སྐྱོང་ངོས་འཛིན་གནང་ཡོད་པ་སོགས་བཀོད་འདུག

དེ་ཡང་། ཕྱི་ལོ་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདི་ནི། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་འདི་ལོའི་ཟླ་༡་པའི་ཉིན་༢༨་ཉིན། གྲོས་ཚོགས་འཐུས་མི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གནང་རྗེས། གྲོས་ཚོགས་གོང་མའི་ཕྱི་སྲིད་སྡེ་ཚན་ལ་བཏང་ཡོད་འདུག ཡིན་ན་ཡང་། རྒྱུ་རྐྱེན་གང་མང་ཞིག་གིས་ཁྲིམས་འཆར་འདི་ད་ལྟའི་བར་སྡེ་ཚན་དེའི་ནང་དུ་ལྷག་འདུག དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངྒེ་མཆོག་གཙོས་ཨ་རིའི་དོན་གཅོད་ཁང་གི་ལས་བྱེད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་རིར་ཡོད་པའི་བོད་མི་སོགས་ནས་གྲོས་ཚོགས་འཐུས་མི་ལ་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་ཞུས་རྗེས། གྲོས་ཚོགས་གོང་མ་ནས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གནང་བ་ཞིག་ཡིན་འདུག དེར་བརྟེན། སྲིད་སྐྱོང་མཆོག་གིས་རྒྱབ་སྐྱོར་གནང་མཁན་དང་སྐུ་ལས་སྐྱོན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་འདུག

ཁྲིམས་འཆར་འདི་གཏན་འབེབས་ཐད་ནས་སྲིད་སྐྱོང་མཆོག་གིས་གསུང་དོན། ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་མོས་ཐོག་གཏན་འབེབས་གནང་བ་འདི་ནི། ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མུ་མཐུད་རྒྱབ་སྐྱོར་གནང་བཞིན་ཡོད་པའི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་པ་དང་། འདི་ནི་བོད་མིའི་རང་དབང་འཐབ་རྩོད་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་བསྐྲུན་ཡོད། ཅེས་གསུངས་འདུག

ཁྲིམས་འཆར་འདིའི་ནང་དོན་གཙོ་བོ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ། ཨ་རིའི་གཞུང་གིས་འབྲེལ་ཡོད་ལས་བྱེད་དེ་དག་ལ་དམ་དྲག་བཀའ་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ། དེ་བཞིན། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་དགོས་པའི་འབོད་སྐུལ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་མ་ཐུབ་བར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་ཚབ་ཁང་གསར་པ་ཨ་རིའི་ནང་འཛུགས་པར་བཀའ་འཁྲོལ་གནང་མི་ཆོག་པ། བོད་མིའི་སྒྲིག་འཛུགས་དང་དེའི་འགོ་ཁྲིད་སྲིད་སྐྱོང་མཆོག་ངོས་འཛིན་གནང་ཡོད་པ། ད་དུང་། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་དང་། ཨ་རིའི་མི་སེར་དང་བཟོ་ཚོང་ཁང་སོགས་ཀྱིས་བོད་ནང་ཚོང་ལས་གཉེར་དགོས་ཚེ། རྒྱལ་ཚོགས་ཀྱིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལམ་སྟོན་གནང་བ་ཁག་ལ་སྲུང་བརྩི་ཞུ་དགོས་པ་བཅས་ཡིན་འདུག

ད་དུང་ཁྲིམས་འཆར་འདིར་གསལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སའི་ས་ཁུལ་གཞན་གྱི་བོད་མི་ཚོའི་ཆེད་དུ་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚོའི་ཆེད་དུ་ཨ་སྒོར་ས་ཡ་དྲུག བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་དང་། མང་གཙོ། འཛིན་སྐྱོང་བཅས་ཚགས་ཚུད་དང་། ཉམས་ཞིབ་སོགས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་གསུམ། བོད་དང་བོད་མིའི་གནས་ཚུལ་མཁོ་གཏོང་བྱེད་བཞིན་པའི་ཨ་རིའི་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་གསུམ་དང་ཁྲི་བཞི། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་བཞི། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་གཅིག་བཅས་རོགས་དངུལ་བཀའ་འཁྲོལ་གནང་ཡོད་འདུག

༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་གིས་ངོ་སྤྲོད་གནང་ཡོད། ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་ (Ben Cardin) མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁེ་རེཡ་ས་སི་མི་ཐི་ (Chris Smith) མཆོག་སོགས་ཀྱིས་རྒྱབ་སྐྱོར་གནང་ཡོད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་གྲོས་ཚོགས་གོང་མའི་མང་མོས་འགོ་ཁྲིད་སྐུ་ཞབས་མག་ཁོན་ནེལ་ (Mitch McConnell) མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེམ་སི་ (James E. Risch) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊི་མི་ནན་ཌེ་ཛི་ (Robert Menendez) མཆོག མང་གཙོ་ཚོགས་པའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨེ་ལོ་ཡིཌ་ཨེན་ཇེལ་ (Eliot Engel) མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མའི་ཀལ་མེག་ཀོལ་ (Michael McCaul) མཆོག་སོགས་ཀྱིས་རྒྱབ་སྐྱོར་གནང་ཡོད་པར་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག།

བོད་ཀྱི་ལོ་རྒྱུས་ཡིག་ཆ།