16
Sat, Jan

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༡༨་ཉིན། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཚོང་འབྲེལ་དང་འབྲེལ་བའི་ཁྲིམས་འཆར་ཞིག་ལ་མཚན་རྟགས་བཀོད་ཡོད་པ་དང་། ཁྲིམས་དེ་ནི་རྒྱ་ནག་གི་ཚོང་གཉེར་ཁང་ཁག་གིས་ཨ་རིའི་ཚོང་གི་རྩིས་ཞིབ་རྩ་འཛིན་དང་མཐུན་པར་བྱེད་མ་ཐུབ་ཚེ། ཨ་རིའི་ཚོང་ཁྲོམ་ནས་ཕྱིར་འབུད་གཏོང་རྒྱུའི་ཁྲིམས་ཤིག་ཡིན་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། སྲིད་འཛིན་ཊོམ་གྱིས་ཕྱི་རྒྱལ་ཚོང་གཉེར་ཁང་ལ་འགན་འཁྲི་ཁྲིམས་ཞེས་པའི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ཡོད་ཅིང་། ཚོང་ཁྲིམས་འདི་ཡིས་ཨ་རིའི་ནང་དུ་ཡོད་པའི་ཕྱི་རྒྱལ་གྱི་ཚོང་གཉེར་གང་ཞིག་གིས་ལོ་གསུམ་མུ་མཐུད་ནས་ཨ་རི་སྤྱི་མང་རྩིས་ཞིབ་རྩ་འཛིན་དང་འགལ་ཚེ་ཚོང་གཉེར་ཁང་དེ་དག་ཨ་རིའི་ཚོང་ཁྲོམ་དུ་ཚོང་རྒྱག་རྒྱུའི་དངུལ་འཛིན་བཀག་སྡོམ་བྱེད་ཆོག་པའི་ཁྲིམས་ཡིག་ཅིག་ཡིན་འདུག

ཁྲིམས་ཡིག་འདི་ཕྱི་རྒྱལ་ཁབ་ཀྱི་ཚོང་གཉེར་ཁང་གང་ཅིག་ལའང་ལག་བསྟར་བྱེད་ཆོག་པ་ཞིག་ཡིན་འདུག འོན་ཀྱང་། ཐེངས་འདིའི་ཚོང་ཁྲིམས་ནི་རྒྱ་ནག་གི་ཚོང་གཉེར་ཁང་ཨ་ལི་བྷ་བྷ་དང་འཕྲུལ་རིགས་ཚོང་གཉེར་ཁང་། སྣུམ་ཚོང་གཉེར་ཁང་སོགས་ལ་དམིགས་ཡོད་པ་འགྲེལ་བརྗོད་བྱས་འདུག ད་དུང་ཚོང་ཁྲིམས་འདིས་རྒྱ་ནག་གི་ཚོང་གཉེར་ཁང་༢༡༧་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། ཚོང་གཉེར་ཁང་དེ་དག་གིས་ཨ་རིའི་སྤྱི་མང་རྩིས་ཞིབ་རྩ་འཛིན་འགལ་ཡོད་འདུག དེར་བརྟེན། རྒྱ་ནག་གི་ཚོང་གཉེར་ཁང་མང་པོ་ཞིག་ཕྱིར་འབུད་བྱ་སྲིད་སྐོར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱས་འདུག

ཚོང་ཁྲིམས་འདི་ནི་༢༠༢༠་ལོའི་ནང་དུ་གྲོས་གོང་འོག་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་དེར་ཟླ་འདིའི་ཚེས་༡༨་ཉིན་ལ་ས་ཡིག་བརྒྱབ་ནས་དངོས་སུ་ཁྲིམས་གྱུར་ཡོད་འདུག ཚོང་ཁྲིམས་འདི་ཡིས་ཨ་རིའི་ནང་གི་ཚོང་གཉེར་ཁང་ཕྱི་རྒྱལ་ཁབ་གཞན་གྱི་བདག་པོ་བརྒྱབ་ཡོད་མེད་དང་སྟངས་འཛིན་བྱེད་ཀྱི་ཡོད་མེད་བཅས་གཞུང་ལ་གསལ་པོ་བཟོ་དགོས་ཀྱི་ཡོད་འདུག 

རྒྱ་ནག་གི་ཚོང་གཉེར་ཁང་ཁག་གིས་ཚོང་ཁྲིམས་དེར་ཁས་ལེན་བྱས་མེད་པ་རེད། འོན་ཀྱང་། རྒྱ་ནག་ནང་དུའང་རྒྱ་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་བརྗོད་ནས་ཕྱི་རྒྱལ་ཁབ་ཀྱི་ཚོང་གཉེར་ཁང་ཁག་ལ་སྒྲིག་ལམ་དམ་པོ་བྱས་དང་བྱེད་བཞིན་ཡོད་འདུག

ཚོང་ཁྲིམས་འདིས་ཨ་རི་དང་རྒྱ་ནག་འབྲེལ་ལམ་མི་བཟང་བའི་ཐོག་ནས་སྡུག་ཏུ་བཏང་ཡོད་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། སྲིད་འཛིན་ཊོམ་གྱི་ཁྲིད་པའི་སྲིད་གཞུང་གིས་ད་བར་རྒྱ་ནག་གི་ཚོང་གཉེར་ཁང་ཁག་ནག་ཐོའི་ནང་དུ་བླུགས་པ་དང་། དངུལ་གྱི་ཆད་པ་བཅད་པ། རྒྱ་ནག་གི་ཚོང་ནང་འདྲེན་མ་བྱེད་རྒྱུར་བཀག་སྡོམ། སྐད་འཕྲིན་དང་ཊི་ཁི་ཊོ་ཁི་བཅས་བཀག་སྡོམ་བྱེད་ཐབས་བྱས་དང་བྱེད་བཞིན་པ་རེད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།