25
Mon, Jan

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ཚོགས་ཐུན་ཐེངས་༡༠༡་འཚོགས་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༡་ཚེས་༢༤་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ (UN Committee on the Elimination of Racial Discrimination) རྒྱ་ནག་གཞུང་ལ་བོད་སྐད་ཡིག་སྦྱོང་བའི་ཐོབ་ཐང་སྤྲོད་དགོས་པ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་ལ་མནར་གཅོད་གཏོང་བཞིན་པ་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་འདུག

དེ་ཡང་། རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་ཞེས་པའི་ཚོགས་ཆུང་འདིས་ལོ་རེའི་ནང་དུ་རྒྱ་ནག་ནང་གི་མི་རིགས་ཡོངས་ལ་ཐོབ་ཐང་འདྲ་མཉམ་སྤྲོད་ཕྱོགས་ཀྱི་སྙན་ཐོར་བསྐྱར་ཞིབ་བྱེད་ཀྱི་ཡོད། འདི་ལོ་ལའང་རྒྱ་གཞུང་གིས་མི་མང་ལ་ཐོབ་ཐང་འདྲ་མཉམ་སྤྲད་ཡོད་པའི་སྐོར་གྱི་སྙན་ཐོ་ཞིག་ཚོགས་ཆུང་དེར་ཕུལ་ཡོད་ཀྱང་། རྒྱ་གཞུང་གིས་བོད་ནང་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མུ་མཐུད་ནས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་ཀྱི་སྙན་ཐོ་ཞིག་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཚོགས་ཆུང་དེར་ཕུལ་འདུག

དེ་ནས་ཚོགས་ཆུང་འདིས་རྒྱ་གཞུང་གིས་ཕུལ་བའི་སྙན་ཐོ་དང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཕུལ་སྙན་ཐོ་བཅས་ལ་བསྐྱར་ཞིབ་བྱས་འདུག རྒྱ་གཞུང་གིས་སྤྲད་པའི་སྙན་ཐོ་འདིར་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་འདོད་པ་ཁེངས་མེད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་རྒྱ་ཡིག་དང་བོད་ཡིག་ཟུང་ལྡན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ཡིག་སློབ་ཁྲིད་ཐོག་དམ་དྲག་དང་། དེ་བཞིན་གྲངས་ཉུང་མི་རིགས་ཁག་ལ་ཕྱིར་བསྐྱོད་མཐོང་མཆན་སྤྲོད་ཕྱོགས་སོགས་རྒྱ་རིགས་དང་གཅིག་མཚུངས་ཀྱིས་ལག་བསྟར་བྱེད་ཀྱི་མེད་པའི་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་དགོས་སྐོར་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག

རྒྱ་ནག་གཞུང་གིས་རིམ་པས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་རྩ་གཏོར་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རང་དབང་ཐོབ་ཐང་རྩོད་ལེན་པ་ཚོར་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ། མཐོང་མཆན་སྤྲོད་ཕྱོགས་སོགས་རྒྱ་རིགས་དང་གཅིག་མཚུངས་ཀྱིས་ལག་བསྟར་བྱེད་ཀྱི་མེད་པའི་སྐོར་ལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ཐུགས་འཚབ་གནང་བར། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཐུགས་རྗེ་ཆེ་ཞུས་འདུག

གཞན་ཡང་། ཟླ་འདིའི་ཚེས་༡༨་ཉིན། ཇར་མན་གྲོས་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་ཐོག་མཁས་དབང་ཁག་ཅིག་གིས། རྒྱ་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་དང་། ཇར་མན་སྲིད་གཞུང་གིས་རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་བཙན་དབང་ཅན་གྱི་སྲིད་བྱུས་ལ་དོན་ཕན་ལྡན་པའི་ཐོག་ནས་གདོང་ལེན་གནང་དགོས་པའི་རེ་སྐུལ་ཞུས་འདུག

སྐབས་དེར། ཇར་མན་གྲོས་ཚོགས་སུ་ཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཁད-མུ་ལིར(Kai Mueller)ལགས་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པར་བདེན་དཔང་གནང་འདུག དེའི་སྐབས་ཁོང་གིས་བརྗོད་དོན། རྒྱ་གཞུང་གིས་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱས་ནས་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་འཆི་འཇིགས་ཀྱི་གནས་སུ་ལྷུང་ཡོད། ལྷག་པར་དུ་ཉེ་ཆར་རྒྱ་གཞུང་གིས་བོད་མི་ས་ཡ་ཕྱེད་ཀ་ཙམ་ངལ་རྩོལ་ར་བའི་ནང་དུ་བཅུག་ཡོད་སྟབས། ཇར་མན་སྲིད་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཅོད་དགོས་པར་རེ་སྐུལ་ཞུས་འདུག་པ་མ་ཟད། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་རྒྱ་གཞུང་གིས་ཐག་གཅོད་བྱེད་དབང་མེད་སྐོར་སོགས་གསུངས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།