17
Mon, May

་དགེ་སློང་སྔགས་རམས་པ་དགེ་འདུན་ཚེ་རིང་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༢༡ཉིན་སྤེལ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྲགས་པ་དགེ་སློང་སྔགས་རམས་པ་དགེ་འདུན་ཚེ་རིང་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་ནས་ཉིན་གྲངས་༣༧ རིང་ཐུགས་དམ་ལ་བཞུགས་འདུག

དེ་ཡང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུས་ལས་ཁང་བཏང་གནང་བའི་གནས་ཚུལ་ལྟར་ན། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཆོད་གཡོག་རྒན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་གྲགས་པ་དགེ་སློང་སྔགས་རམས་པ་དགེ་འདུན་ཚེ་རིང་མཆོག ཕྱི་ལོ་༢༠༢༡ ཟླ་༣ ཚེས་༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ དང་སྐར་མ་ ༤༠ ཐོག དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་ནས་བཟུང་། ཕྱི་ལོ་༢༠༢༡ ཟླ་༤ ཚེས་༡༦ བར་ཐུགས་དམ་བཞུགས་ཡོད་པ་དང་། ཕྱི་ཚེས་༡༧ ཉིན་ཐུགས་དམ་ལས་གྲོལ་ཏེ་ཕྱི་ལོ་༢༠༢༡ ཟླ་༤ ཚེས་༡༩ རེས་གཟའ་ཟླ་བའི་སྔ་དྲོར་སྐུ་གདུང་ཞུགས་འབུལ་གནང་ཡོད་འདུག

དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་གྲགས་པ་རྒན་དགེ་འདུན་ཚེ་རིང་མཆོག་ནི། མདོ་སྟོད་སྨར་ཁམས་སུ་ཕྱི་ལོ་ ༡༩༣༥ ལོར་སྐུ་འཁྲུངས་ཤིང་། དགུང་གྲངས་༡༡ པར་དཔལ་ལྡན་ཀླུ་རྭ་དགོན་པའི་སྒྲིག་ཁོངས་སུ་ཞུགས་ཏེ་དགེ་བའི་བཤེས་གཉེན་བྱམས་པ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་གྲངས་༡༩ པར་འབྲས་བློ་གླིང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་མཛད། དེ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མཐོང་བརྒྱུད་ཀྱི་ཕྱག་བཞེས་བཟང་པོ་གྲྭ་ཚང་གི་ཆོ་ག་ཕྱག་ལེན། ཐིག་རྡུལ་ཚོན། མཆོད་བཟོ་དཀར་རྒྱན་བཅས་ལ་སྦྱངས་པ་མཐིལ་ཕྱིན་མཛད། དགུང་གྲངས་༢༡ པར་སྐུའི་ཡོངས་འཛིན་༸སྐྱབས་རྗེ་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།

ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་དབང་གིས་རྒྱ་གར་དུ་ཕེབས་རྗེས། ཐོག་མར་ཌལ་ཧོར་དང་། དེ་ནས་བསྟན་འཛིན་སྒང། དྷ་རམ་ས་ལ་བཅས་སུ་གྲྭ་ཚང་རིན་པོ་ཆེ་སྙིང་བཅངས་ཀྱིས་གལ་ཆེའི་ལས་འགན་རིམ་པ་ཁག་མང་པོའི་འགན་ཁུར་བཞེས་པ་དང་། ལྷག་པར་རྒྱུད་ཆེན་གོང་མའི་ཕྱག་བཞེས་ཀྱི་རྒྱུན་བཟང་པོ་ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་ཀྱི་རིམ་པ། འདོན་ལྟ་དབྱངས། དཀྱིལ་འཁོར་བྲི་བཞེངས། མཆོད་བཟོ་དཀར་རྒྱན་སོགས་རང་ཉིད་ཀྱིས་ཉམས་འོག་ཏུ་ཆུད་པའི་སྒོ་ནས་གདན་ས་ཆེན་མོ་ནས་ཕེབས་པའི་ཆོས་ཐོག་དགེ་བཤེས་རྣམ་པ་དང་། རྒྱུད་པའི་སྐྱེད་རིམ་པ་རྣམས་ལ་འཆད་ཁྲིད་རྒྱ་ཆེར་གནང་།

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སྐུའི་ཡོངས་འཛིན་རྣམ་གཉིས་གཙོས་གྲྭ་ཚང་གི་མཁན་ལས་ཟུར་དུ་མའི་དྲུང་ནས་རྒྱུད་ཀྱི་འཆད་ཉན་དང་། དབང་ལུང་མན་ངག་གི་རྒྱུན་བཟང་པོ་རྣམས་ཆད་ལུས་མེད་པ་གསན་བཞེས་མཛད། རྒྱུན་དུ་དམ་སྡོམ་མིག་འབྲས་བཞིན་སྲུང་བའི་ཐོག་ཐུགས་དམ་ཉམས་བཞེས་ལ་རྟག་ཏུ་གཞོལ་བར་མཛད་པ་མ་ཟད་དྷ་སར་གནས་སྤོས་ཟིན་རྗེས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་གཞི་བསྙེན་ཆེན་མོ་ཡང་བཞུགས་གནང་མཛད།

གཞན་ཡང་སྔ་ཕྱི་བར་གསུམ་དུ་གྲྭ་ཚང་གི་འགྲོ་ཁུངས་དང་། ཆོས་འབྱུང་། མཆོད་དཔེ་སོགས་གསར་སྒྲྲིག་དང་བསྐྱར་ཞིབ་སོགས་ལས་གཞི་རིམ་པ་མང་པོའི་ནང་ཐུགས་ཁུར་བླ་མེད་བཞེས་གནང་བ་དང་། རྒྱུན་དུ་སྒོ་གང་ས་ནས་ལམ་སྟོན་དང་བཀའ་འདྲི་ཞུ་ཡུལ་གྱི་ཀ་ཆེན་ལྟ་བུ་ཞིག་ཡིན། མདོར་ན་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་གྲྭ་ཚང་འདི་ལ་ཐུགས་བརྩེ་ཆེན་པོས་རྨད་དུ་བྱུང་བའི་ལེགས་སྐྱེས་འཇོག་གནང་མཛད་པར་བརྟེན། ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༡༤ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དགེ་རྒན་ཆེན་མོའི་མཚན་བསྟོད་གཟེངས་རྟགས་འབུལ་བཞེས་མཛད།

དེ་ལྟར་ཞིང་འདིར་བསྟན་པ་དང་འགྲོ་བའི་དོན་བྱ་དགོས་ཡོངས་སུ་གྲུབ་སྟེ་བོད་ལུགས་དགུང་གྲངས་༨༧ བཞེས་པ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པ་ནས་ཕྱི་ཟླ་ ༤ ཚེས་ ༡༦ བར་ཉིན་གྲངས་༣༨ རིང་ཐུགས་དམ་དུ་བཞུགས་པ་དང་། དུས་ཡུན་རིང་པོ་དེའི་རིང་སྐུ་ཕུང་གི་གཟི་མདངས་མ་ཉམས་ཤིང་ཐ་མལ་གྱི་ཕུང་པོའི་དྲི་མ་གཏན་ནས་མེད་པར་གསོན་ཉམས་ལྡན་པ་བཅས་ངོ་མཚར་རྨད་དུ་བྱུང་སྟེ་ཡོངས་གྲགས་ཀྱི་ཐོག་ནས་ཐུགས་དམ་བཞུགས་མཁན་དུ་ཡུན་རིང་ཤོས་དེ་ཆགས་ཡོད། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུ་བཞུགས་ཀྱིས་འདུས་མང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒོ་ནས་སྐུ་ཕུང་ཞུགས་འབུལ་དང་། སྨོན་ལམ་གསུང་འདོན་གནང་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།