17
Mon, May

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༡༡་ཉིན། རྡ་ས་སྨན་རྩིས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པས་སྲིད་སྤྱི་གཉིས་ཀྱི་འོས་འཕེན་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༡༡ཉིན། རྡ་ས་སྨན་རྩིས་ཁང་དུ། སྲིད་སྐྱོང་མཆོག་གིས་སྲིད་སྤྱི་གཉིས་ཀྱི་འོས་མིར་འོས་འཕེན་གྲུབ་རྗེས་གསུང་དོན། དེ་རིང་ང་ཚོས་༸གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་ལག་བསྟར་བྱས་ནས། འཛམ་གླིང་གང་སར་བཞུགས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་འཕེན་བཞིན་ཡོད་རེད། འདི་ནི་རྒྱ་གཞུང་ལ་བརྡ་ལེན་གསལ་པོ་ཞིག་སྤྲད་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོ་སེམས་ཤུགས་འཕེལ་བ་ཞིག་ཆགས་ཡོད། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨་ནས་༥་བར། བཞུགས་སྒར་རྡ་སར་འོས་བསྡུ་ས་གནས་ཁག་༡༦་ན། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་འོས་མི་རྣམས་ལ་འོས་འཕེན་གནང་སོང་། ས་གནས་དེ་དག་ནི་གངས་སྐྱིད་དང་སྨན་རྩིས་ཁང་། ལྷ་རྒྱལ་རི། བོད་ཀྱི་ཟློས་གར་ཚོགས་པ། ཡོངས་གླིང་སློབ་གྲྭ། རྡ་སྟེང་བོད་ཁྱིམ་སློབ་གྲྭ གཙུག་ལག་ཁང་། ཀིརྟིའི་གྲྭ་ཚང་། དགེ་ལྡན་ཆོས་གླིང་། ས་རཱ་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། རྡ་ཤོད་བོད་ཁྱིམ་སློབ་གྲྭ གོ་པལ་པུར་བོད་ཁྱིམ་སློབ་གྲྭ ཅ་མོན་ཌར། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། རྒྱུད་སྟོད་གྲྭ་ཚང་བཅས་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ལ་འོས་འཕེན་གནང་སྐབས། དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་གསུང་དོན། ང་ཚོ་བཙན་བྱོལ་དུ་གནས་ཡོད་ཀྱང་། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཡངས་དག་པའི་མང་གཙོའི་ལམ་ལ་བསྐྱོད་བཞིན་ཡོད། ད་བར་དངོས་གཞིའི་འོས་བསྡུའི་ཆེད་དུ་དེབ་སྐྱེལ་བྱེད་མཁན་ཁྱོན་བསྡོམས་མི་གྲངས་༨༣༠༧༩ བྱུང་སོང་། འཛམ་བུ་གླིང་ཁྱོན་ཡོངས་ཀྱི་ནང་ལ་ད་ལྟའི་ཆར་བོད་པའི་འོས་འཕེན་པ་ཡོད་སའི་ས་ཁུལ་༢༦ རེད། ས་ཁུལ་༢༦ ཡོངས་རྫོགས་ལ་དངོས་གཞིའི་འོས་བསྡུ་ཐུབ་ཀྱི་ཡོད། རྒྱལ་ཁབ་ཡོངས་རྫོགས་ནང་ལ་འོས་བསྡུ་ལས་རིམ་ཡག་པོ་ཡོང་བའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གི་གཙོས་བཀའ་བློན་རྣམ་པས་སྨན་རྩིས་ཁང་དུ་སྲིད་སྤྱི་གཉིས་ཀྱི་འོས་མི་རྣམས་ལ་འོས་འཕེན་གནང་སོང་། སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་དངོས་གཞིའི་འོས་འཕེན་གྲུབ་རྗེས་གསར་འགོད་པ་རྣམས་ལ་གསུང་དོན། དེ་རིང་ང་ཚོས་༸གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་ལག་བསྟར་བྱས་ནས། འཛམ་གླིང་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་འཕེན་བཞིན་ཡོད་རེད། འདི་ནི་རྒྱ་གཞུང་ལ་བརྡ་ལེན་གསལ་པོ་ཞིག་སྤྲད་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོ་སེམས་ཤུགས་འཕེལ་དགོས་པ་ཆགས་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ཡོང་རྒྱུ་བསྡད་པའི་བཀའ་ཤག་ལ་འདི་ནས་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམས་པས་ལམ་ལྷོང་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་ཡིན། བཀའ་ཤག་འདི་ལས་ལྷག་ཙམ་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་རག་རྒྱུ་དང་། དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་རག་རྒྱུ། བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆ་ཐོག་སྐྱེལ་ཐུབ་རྒྱུ། ཁོ་རང་ཚོའི་ལས་ཡུན་རིང་བོད་དོན་བདེན་མཐའ་སེལ་བ་ཤོག ཅེས་ཁ་ཞེ་གཉིས་མེད་ཀྱིས་སྨོན་ལམ་རྒྱག་རྒྱུ་ཡིན། གང་ཡིན་ཟེར་ན། འཛིན་སྐྱོང་ཟེར་བ་མགོ་རྙོག་པོ་ཡོད་རེད། ལས་སླ་པོ་ཞིག་ཡོད་མ་རེད། སུ་སྲིད་སྐྱོང་ཕེབས་པ་ཡིན་ན་ཡང་དཀའ་ལས་ཏོག་ཙམ་ཡོད་རེད། ང་ཚོ་ལོ་བཅུའི་ནང་དུ་ལས་འགན་འཁུར་དགོས་པ་ཚང་མ་འཁྱེར་ནས་གདོང་ལེན་བྱེད་དགོས་ས་གདོང་ལེན་བྱས་ཡོད། བཟོད་སྒོམ་བྱེད་དགོས་ས་བྱས་བཟོད་སྒོམ་བྱས་ཡོད། ད་ཐེངས་སྲིད་སྐྱོང་གསར་པ་སུ་སླེབས་ནའང་བློ་བདེ་ངང་རྩིས་སྤྲོད་ཐུབ་པ་ཡོད། ཅེས་གསུངས་སོང་།

གསར་འགོད་པས་ཁོང་ལ་སྲིད་སྐྱོང་གསར་པ་དང་བཀའ་ཤག་གསར་པར་བསླབ་བྱ་ལམ་སྟོན་ཞིག་ཡོད་མེད་སྐོར་དྲིས་སྐབས། ཁོང་གིས་གསུང་དོན། བསླབ་བྱ་གང་ཡང་རྒྱག་རྒྱུ་མེད། སྲིད་སྐྱོང་གསར་པ་དང་ཁོང་གི་ལས་རོགས་ཚོས་ངེས་པར་དུ་སོ་སོའི་འཆར་གཞི་དང་སྲིད་བྱུས་འཐེན་ནས་དེ་ལྟར་ལག་བསྟར་བྱེད་དགོས། ང་ཚོས་གང་བྱེད་ཐུབ་པ་དེ་སེམས་གཏིང་ནས་ཁོང་ཚོར་བྱ་བ་ལམ་འགྲོ་ཡོང་བ་དང་། ཁོང་ཚོ་ང་ཚོ་ལས་བཟང་བ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དེ་རེད། ཅེས་ལན་འདེབས་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།