17
Mon, May

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༡༠ཉིན། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ནས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༤་ཚེས་༡༠ཉིན། བཞུགས་སྒར་རྡ་སར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་ངག་དབང་ཆོས་འཕེལ་ལགས་ཀྱིས་གསུང་དོན། བོད་ཀྱི་ཟློས་གར་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་མི་རིགས་ཀྱི་ངོ་བོ་རྒྱ་མི་དང་ཐ་དད་ཡིན་པ་བསྟན་ཡོད། ཅེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྲིད་སྐྱོང་བློ་བཟང་སེངྒ་མཆོག་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ཆོས་འཛོམས་ལགས་དང་། འགན་འཛིན་གསར་པ་ངག་དབང་ཆོས་འཕེལ་ལགས་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

ཐོག་མར། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ཆོས་འཛོམས་ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་ལོ་རྒྱུས་མདོར་བསྡུས་དང་། དེའི་གལ་ཆེན་རང་བཞིན་སྐོར་སོགས་འགྲེལ་བརྗོད་གནང་རྗེས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་གསུང་བཤད་གནང་དོན། བཀྲ་ཤིས་བདེ་ལེགས། ང་ཁ་སང་རྡ་སར་འབྱོར་ཚར་ཙམ་ཡིན། ཏོག་དབྱིབས་གཉན་རིམས་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་ཚར་ཡིན། ཏོག་དབྱིབས་ནད་རྟགས་ཐོན་མིན་འདུག དེ་བཞིན། ཏོག་ནད་སྔོན་འགོག་སྨན་ཁབ་གཉིས་ཀ་བརྒྱབ་ཚར་བ་ཡིན། འོན་ཀྱང་། བདེ་འཇགས་ཆེད་དྲ་རྒྱ་བརྒྱུད་ནས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་བྱས་པ་ཡིན། ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ངག་དབང་ཆོས་འཕེལ་ལགས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གསར་པ་བསྐོ་གཞག་གནང་བར་དགའ་པོ་ཞེ་དྲག་བྱུང་སོང་། ཁོང་གིས་བོད་ཀྱི་ཟློས་གར་གྱི་ནང་དུ་སློབ་སྦྱོར་མཐར་ཕྱིན་པ་གནང་ནས། བོད་པའི་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་གནང་ཡོད་རེད། དེ་ནས་ཨ་རིར་ཕེབས་ནས་སྒྱུ་རྩལ་དང་གཞས་སྣ་སོགས་སྦྱངས་ནས་སློབ་མཐར་ཕྱིན་ཡོད། དེ་རྗེས་བོད་ལ་ཕེབས་ནས་གཞས་སྣ་དང་འབྲེལ་བའི་ཐོག་ཞིབ་འཇུག་གནང་སྐབས། རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་བདུན་བཙོན་ཁང་དུ་བཞུགས་དགོས་བྱུང་ཡོད་རེད། ཁོང་གི་མི་ཚེ་ཧྲིལ་པོ་བོད་ཀྱི་གཞས་སྣ་དང་སྒྱུ་རྩལ་ཐོག་བཏང་བ་རེད་ཟེར་ན་འགྲིག་གི་ཡོད་རེད། དབྱངས་ལ་ཐིམ་པའི་བོད(Tibet in Song) ཞེས་པའི་གློག་བརྙན་དེ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་ཕྱིན་ཡོད་པ་མ་ཟད། གཟེངས་རྟགས་ཡང་ཐོབ་ཡོད། ད་ཐེངས་ཁོང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ཆགས་པ་དགའ་བོ་བྱུང་སོང་། ཞེས་གསུངས་སོང་།

དེ་ནས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་ངག་དབང་ཆོས་འཕེལ་ལགས་ཀྱིས་བརྗོད་དོན། དེ་རིང་ང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་བསྐོ་གཞག་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་ཟློས་གར་ཚོགས་པ་ཧ་ཅང་གལ་ཆེན་པོ་རེད། འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་ནང་དུ་ཟློས་གར་ཚོགས་པས་བོད་ཀྱི་རིག་གཞུང་བདག་པོ་རྒྱག་རྒྱུ་དང་དྲིལ་བསྒྲགས་བྱེད་རྒྱུ་ཐོག་ཕྱག་ལས་མང་པོ་གནང་ཡོད་རེད། བོད་མི་རིགས་ཆེད་དུ་ཞབས་ཞུ་མང་པོ་ཞུས་ཡོད་རེད། དཔེར་ན། རྒྱལ་ཁབ་མང་པོའི་ནང་དུ་ཕེབས་ནས་བོད་ཀྱི་གཞས་སྣ་འཁྲབ་སྟོན་མང་པོ་གནང་ཡོད། འཁྲབ་སྟོན་དང་ཟློས་གར་འདི་དག་བརྒྱུད་ནས་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་། བོད་ཀྱི་སྐད་ཡིག བོད་ཀྱི་དམངས་ཁྲོད་གླུ་གཞས། བོད་ཀྱི་ཆས་གོས། བོད་ཀྱི་ལྷ་མོ་འཁྲབ་གཞུང་། བོད་མི་རིགས་ཀྱི་ངོ་བོ་བཅས་རྒྱ་མི་དང་མི་འདྲ་བ་ཡོད་པ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱས་དང་བྱེད་བཞིན་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་ནས་མུ་མཐུད་ནས་བརྗོད་དོན། ཟློས་གར་ཡར་རྒྱས་གཏོང་ཆེད་ང་ལ་འཆར་གཞི་ཁག་ཅིག་ཡོད་། དང་པོ། བོད་ནང་ལ་ཟློས་གར་ངོ་སྤྲོད་དང་དར་ཁྱབ་གཏང་ཡག་དེ་དཔེ་གལ་ཆེན་པོ་མཐོང་གི་འདུག གཉིས་པ། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བསྐྱར་དུ་ཟློས་གར་ངོ་སྤྲོད་དང་ངོས་འཛིན་ཐུབ་རྒྱུ། གསུམ་པ། ཟློས་གར་གྱི་ཚོགས་མི་རྣམས་ལ་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་ལོ་རྒྱུས་དང་གོ་རྟོགས་གཏིང་ཟབ་པོ་དང་རྒྱ་ཆེ་རུ་གཏོང་རྒྱུ། བཞི་པ། ཟློས་གར་གྱི་འཁྲབ་སྟོན་གོང་སྤེལ་གཏོང་རྒྱུ། ལྔ་པ། རྡ་རམ་ས་ལར་ཡོད་པའི་གནས་ཡོད་མི་སྣ་དང་ཡུལ་མི་རྣམས་ལ་ཟླ་བ་རེའི་འཁྲབ་སྟོན་ཐེངས་གཅིག་གོ་སྒྲིག་ཞུ་རྒྱུ། དྲུག་པ། འཁྲབ་སྟོན་སྐབས་ཚོགས་ཁང་གི་སྡིངས་ཆའི་གློག་ཡར་རྒྱས་གཏོང་རྒྱུ། བདུན་པ། ཟློས་གར་ཚོགས་མི་ནང་ཁུལ་ལ་གཞས་ཚིག་གསར་རྩོམ་དང་རྐྱང་གཞས་ཀྱི་འགྲན་བསྡུར་གང་མང་གོ་སྒྲིག་ཞུ་རྒྱུ། བརྒྱད་པ། ང་ཚོ་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་གློག་ཀླད་དཔེ་མཛོད་ཁང་ཞིག་རྒྱག་རྒྱུ། དགུ་པ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རོལ་དབྱངས་དང་དེང་དུས་ལུགས་མཐུན་གྱི་གླུ་གཞས་འཁྲབ་སྟོན་རིགས་ཟློས་གར་ནང་ནས་རིམ་བཞིན་མེད་པ་བཟོ་རྒྱུ་ཡིན། ཞེས་མ་འོངས་པའི་འཆར་གཞི་ཁག་ཅིག་གི་ཐོག་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།