13
Tue, Apr

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༢ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་བཀའ་ཤག་གསུང་བཤད་དང་འབྲེལ། བོད་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་ནང་དུ་ཇི་ལྟར་ཚུད་ཐབས་བྱེད་དགོས་པའི་སྐོར་གྱི་གསུང་བཤད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་རྒྱབ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་བཀའ་ཤག་གསལ་བཤད་གསུང་བཤད་གནང་སྐབས། ཨ་རི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་སྐོར་དང་། རྒྱ་ནག་ལ་གདོང་ལེན་བྱེད་ཐབས་སུ་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་གལ་ཆེན་ཡིན་སྐོར་དང་། བོད་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་ནང་དུ་ཇི་ལྟར་ཚུད་ཐབས་བྱེད་དགོས་པའི་སྐོར་གྱི་གསུང་བཤད་གནང་སོང་།

དང་ཐོག སྲིད་སྐྱོང་མཆོག་གིས་གསུང་དོན། དེ་རིང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གྱི་སྐོར་མདོ་བསྡུར་ཞིག་འགྲེལ་བརྗོད་བྱེད་རྒྱུ་ཡིན། ཁྲིམས་འཆར་འདི་བཞག་ཐུབ་པ་བྱུང་བར་རླབས་ཆེན་གྱི་བྱ་བ་རེད། གཙོ་བོར་༸གོང་ས་མཆོག་གི་བཀའ་དྲིན་དང་། མི་ཐོག་རྒན་པ་ཧ་ལས་པའི་སྐུ་ལས་སྐྱོན་པ་བརྟེན་ནས་བྱུང་བ་རེད། དེ་ནས་ཨ་རིར་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། སྤྱི་དོན་ཚོགས་པ་ཁག་རེད། བོད་དོན་རྒྱབ་སྐྱོར་བ་ཚང་མས་སྐུ་ལས་བསྐྱོན་ནས་གྲུབ་འབྲས་སྨིན་པ་ཞིག་རེད། ༢༠༠༢་ལོའི་བོད་དོན་ཁྲིམས་འཆར་དེར་སྐུ་ཚབ་རྒྱལ་རི་རིན་པོ་མཆོག་གཙོས་པའི་བོད་དོན་ལས་འགུལ་ཁང་གིས་སྐུལ་ལས་བསྐྱོན་ནས་གྲུབ་འབྲས་སྨིན་པ་ཞིག་རེད། ད་ཐེངས་བོད་དོན་ཁྲིམས་འཆར་འདིའི་ཐད་ཚང་མས་སྐུ་ལས་བསྐྱོན་ཡོད་རེད། གཙོ་བོ་བོད་མིའི་སྒྲིག་འཛུགས་སམ་བཀའ་ཤག་གིས་འགན་འཁུར་ཡོད། གཞི་རྩ་དེའི་སྔོན་ལས་བྱེད་ལ་བོད་དོན་ཁྲིམས་འཆར་དེ་ངོ་སྤྲོད་བྱེད་སྐབས། གྲོས་ཚོགས་འཐུས་མི་དང་ལས་བྱེད་ལ་ཕུལ་བའི་ཡིག་ཆ་དང་འཕྲིན་ཡིག་ཆ་ཚང་མར་བདེན་དཔང་ཆེད་བསྟན་ཡོད། དེ་ཚོ་གྲོས་ཚོགས་ལ་རྗེས་སུ་འབུལ་ཆོག ཅེས་གསུངས་སོང་།

བོད་དོན་ཁྲིམས་འཆར་དེའི་སྙིང་བསྡུར་ཞིག་ཞུས་ན། གྲོས་ཚོགས་འོག་མ་ནང་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi)་མཆོག་རེད། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern) མཆོག་རེད། དེ་ནས་གྲོས་ཚོགས་གོང་མ་ནས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio)་མཆོག་རེད། ཁོང་རྣམ་པས་འགན་གཙོ་བོ་འཁྱེར་བ་རེད། ཁྲིམས་འཆར་འདི་ཐོག་མར་བཀའ་བསྡུར་བྱུང་སྐབས། བཀའ་ཤག་ལ་ཟིན་བྲིས་བྱུང་སོང་། ཚོགས་པ་གཞན་ལའང་འབྱོར་ཡོད་ས་རེད། ཟིན་བྲིས་དེའི་ནང་དུ། བོད་མིའི་སྒྲིག་འཛུགས་དང་། ༸གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་སོགས་ཆ་ཚང་བླུགས་ཡོད། འོན་ཀྱང་། གྲོས་ཚོགས་འོག་མའི་ཕྱི་སྲིད་ཚོགས་ཆུང་ནང་དུ་གཏན་འབེབས་བྱེད་སྐབས། བོད་མི་སྒྲིག་འཛུགས་དང་སྒྲིག་འཛུགས་འདི་མང་གཙོ་ཡིན་པ་དང་། སྲིད་སྐྱོང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན་པ་དེ་བཏོན་འདུག ཁྲིམས་འཆར་གཞན་ཚང་མ་འདུག དེར་བརྟེན། ཡིག་ངག་གཉིས་ཐོག་ནས་དེ་འགྲིག་གི་མི་འདུག་ཞུ་རྒྱུ་བྱུང་། དེ་ནས་ཁྲིམས་འཆར་དེ་གྲོས་ཚོགས་འོག་མིའི་ནང་དུ་གཏན་འབེབས་བྱེད་སྐབས། ཚོགས་གཙོལྕམ་ནེན་སི་པོ་ལོ་སི་མཆོག་གིས་སྐར་མ་ལྔ་གསུང་བཤད་གནང་ཡོད་རེད། དེའི་སྐབས། ཚོགས་གཙོ་མཆོག་གིས་བོད་མི་སྒྲིག་འཛུགས་ངོས་ལེན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་ཡིས་བོད་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་ཉེན་ཁ་ལྗིག་པོ་སླེབས་བསྡད་ཡོད་རེད་ཅེས་བརྗོད་སོང་། ཅེས་གསུངས་ཡོད། གྲོས་ཚོགས་ནང་དུ་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་གི་མིང་གསལ་པོ་བཏོན་ཡོད་རེད། དེ་བཞིན་གྲོས་ཚོགས་འཐུས་མི་ ཇིམ་མེག་གྷོ་ཝན་མཆོག་གིས་བོད་མིའི་སྒྲིག་འཛུགས་ནི་འཛམ་གླིང་གང་སར་ཡོད་པའི་བོད་མིའི་ཚབ་མཚོན་ཐུབ་ཀྱི་རེད་ཅེས་གསལ་བོར་གསུངས་ཡོད་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་རྣམ་གཉིས་ཀྱིས་ང་ལ་གྲོས་ཚོགས་འོག་མའི་ནང་དུ་སེམས་ཁྲལ་བྱེད་མི་དགོས། ཁྱེད་རང་གི་འགན་གཙོ་བོ་སྤྱི་མཐུན་ཚོགས་པའང་གྲོས་ཚོགས་གོང་མིའི་ནང་ཤུགས་རྒྱོབ་ཤོག་ཅེས་བཀའ་མངགས་གནང་སོང་། དེའི་ནང་ནས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནི་ཧ་ཅང་གལ་ཆེན་པོ་རེད། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇེམ་སི་ (James E. Risch) མཆོག་ཡིན། ཕྲན་རང་ལོ་ལྟར་ཧེ་ལི་ཕེག་སི་ལོ་འཁོར་གླེང་སྟེགས་ (annual Halifax Forum) ཐོག་ཕྱིན་པའི་སྐབས་སྐུ་ཞབས་ཇིམ་རི་ཤི་མཆོག་དང་འབྲེལ་ཡོད་ལས་བྱེད་མི་སྣ་རྣམས་དང་ལྷན་ཐུག་འཕྲད་བྱུང་ཡོད་ཙམ་འབྲེལ་བ་ཡོད་རེད། སྐུ་ཞབས་ཇེམ་སི་མཆོག་མཇལ་སྐབས། ཁོང་གིས་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོད་གསུངས་སོང་། ཁོང་རང་གི་རྒྱབ་སྐྱོར་ཡོད་པར་བརྟེན་ནས། ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཐོའི་ནང་དུ་ཚུད་པ་རེད། དེའི་རྗེས། ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་ཅིག་གིས་ང་ལ་ཁ་པར་སླེབས་ནས་ད་ཐེངས་ཁྲིམས་འཆར་འདི་སྔོན་རྩིས་ནང་དུ་བླུགས་ཀྱི་ཡིན། སྐུ་ཞབས་ཇེམ་སི-རི་ཞིས་མཆོག་གི་བཀའ་གྲོས་ཐོབ་སོང་ཟེར། ཕྱི་སྲིད་ཚོགས་ཆུང་གི་ཟིན་བྲིས་འཁྱེར་རྒྱུ་ཡིན་ཞེས་གསུངས་སོང་། དེའི་ནང་དུ་བོད་མིའི་སྒྲིག་འཛུགས་ངོས་ལེན་དང་བོད་མིའི་སྐུ་ཚབ་ཡིན་པ། ༸གོང་ས་མཆོག་གི་གསོལ་རས་གནང་བའི་མང་གཙོ་སྐོར་དང་། སྲིད་སྐྱོང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཡིན་པ་སོགས་ཡོད་རེད། ཅེས་ཁོང་གིས་མུ་མཐུད་ནས་གསུང་དོན།

ཟིན་བྲིས་འདི་གྲོས་ཚོགས་གོང་མའི་ཕྱི་སྲིད་ཚོགས་ཆུང་གིས་གཏན་འབེབས་གནང་བ་མ་གཏོགས་གྲོས་ཚོགས་འོག་མ་འབྲེལ་བ་མེད་པ་ཆགས་པ་རེད། དེར་བརྟེན། གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེག་གྷོ་ཝན་མཆོག་དང་ལས་བྱེད་ལ་ཁ་པར་བཏང་ནས་གྲོས་ཚོགས་གོང་མའི་ཁྲིམས་འཆར་དེར་དགག་པ་མ་རྒྱག་རོགས་ཞུས་པ་ཡིན། ཁོང་རྣམ་པས་གསུང་དོན། བོད་དོན་ལ་ཕན་ན་ཁོ་ཚོར་མིང་དགོས་པ་མི་འདུག་ཅེས་གསུངས་སོང་། དངོས་གནས་ཁོང་ཚོ་རླབས་ཆེན་རེད་བསམས་ཀྱི་འདུག ཚང་མས་མཁྱེད་གསལ་ལྟར། བཟང་པོ་བཅུ་འཛོམས་ཉིན་གྲོས་ཚོགས་གོང་འོག་ནས་གཏན་འབེབས་གནང་བ་རེད། དེ་ནས་སྲིད་འཛིན་གྱི་མཚན་རྟགས་བསྐྱོན་པ་རེད། ཁྲིམས་འཆར་འདིའི་ནང་དུ་དོན་ཚན་བཞི་ཡོད་རེད། བོད་འདི་དྲག་པོའི་བཙན་བཟུང་འོག་གནས་ཡོད་པ་དང་། བོད་འདི་རྒྱལ་ཁབ་ལྟ་བུ་ངོས་ལེན་བྱས་པ་ཆགས་ཡོད་རེད། དང་པོ། ཨ་རི་ཕྱི་སྲིད་ལས་ཁུངས་ལ་བོད་པའི་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུ། གཉིས་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་ཀྱི་ཡིན་ཞེས་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པ་ལྟ་བུ་རེད། དེ་ནས་རོགས་དངུལ་ཁ་ཐུག་གནང་རྒྱུའི་སྐོར་རེད། རོགས་དངུལ་ས་ཡ་གཅིག་རེག་པ་རེད། ད་དུང་རིམ་པ་ཡར་སྤེལ་བའི་རེ་བ་ཞུ་ཡི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

སྲིད་སྐྱོང་གཞུང་འབྲེལ་ཐོག་ཕོ་བྲང་དཀར་པོ་ནང་གི་ཕྱི་སྲིད་ལས་ཁུངས་ལ་བཅར་རྒྱུ་བྱུང་བ་རེད། དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་ན་ཡོང་ཆོག་གི་མ་རེད་ཅེས་གསལ་བོ་ཡོད་རེད། ད་དེ་སྒོ་ཕྱེད་པ་རེད། ཕོ་བྲང་དཀར་པོར་ཕྱིན་པའི་གསར་འགྱུར་བརྒྱུད་ལམ་ཁག་ཚང་མར་ཐོན་ཚར་བ་རེད། འོན་ཀྱང་། ཕོ་བྲང་དཀར་པོའི་ནང་དུ་སོང་ཡོད་མེད་སྐོར་དོགས་དྲི་བྱེད་མཁན་ཁ་ཤས་ཡོད་པ་རེད། ཕོ་བྲང་དཀར་པོའི་ནང་དུ་སོང་མེད་ན། འཛམ་གླིང་གི་གཞུང་ཚབ་ཚང་པ་ཝ་ཤིན་ཏུན་ལ་ཡོད་མ་ཟད། ཕོ་བྲང་དཀར་པོའི་ནང་དུ་ཉིན་རྟག་གསར་འགོད་གསལ་བསྒྲགས་བསྐོང་ཀྱི་ཡོད་རེད། དེའི་སྐོར་དྲི་བ་འདྲི་ཆོག་ཆོག་རེད། ལན་རྒྱག་ཆོག་ཆོག་རེད། ད་དུང་ཕོ་བྲང་དཀར་པོའི་ལས་བྱེད་ང་ལ་བཏང་བའི་གློག་འཕྲིན་ཡང་ཡོད། ཁོ་ཚོས་ང་ཕོ་བྲང་དཀར་པོ་ཕེབས་ཐུབ་པ་གྲུབ་འབྲས་ཆེན་པོ་རེད་ཅེས་དང་བོད་མི་རྣམས་དགའ་ཚོར་ཆེན་པོ་སྐྱེས་འདུག་ཅེས་བརྗོད་སོང་། ཕོ་བྲང་དཀར་པོའི་ནང་དུ་འཛུལ་རྒྱུར་ལས་སླ་པོ་མ་རེད། དང་ཐོག་སྒེར་གྱི་སྐོར་གྱི་འགེངས་ཤོག་བརྒྱང་དགོས་རེད། དེ་ནས་ཁོ་ཚོས་རྒྱབ་སྐྱོར་གྱི་ལོ་རྒྱུས་ཆ་ཚང་བརྟག་དཔྱད་བརྒྱུད་གཞི་ནས་ཕོ་བྲང་དཀར་པོ་འགྲོ་ཆོག་གི་ཡོད་འདུག འདི་ནི་ཕོ་བྲང་དཀར་པོའི་རྟགས་དང་ཁ་བྱང་རེད། ཕྱི་སྲིད་ལས་ཁུངས་ཕྱིན་པར་རྒྱལ་ཁབ་ལྟ་བུའི་སྐུ་ཚབ་བྱས་ནས་ཕྱིན་པ་ཆགས་ཡོད་རེད། ཅེས་བརྗོད་སོང་།

ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ལྷོ་ཨེ་ཤེ་ཡའི་སྡེ་ཚན་གྱི་ཟུང་དྲུང་ལྡི་ལིར་ཕེབས་སྐབས། ཆེད་དུ་མངགས་ནས་སྲིད་སྐྱོང་ཐུག་གི་ཡིན་གསུངས་འདུག ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དང་འདྲ་བ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱེད་འགོ་བཙུགས་པ་རེད། བོད་ཐོག་ལོ་རྟག་སྙན་ཐོ་འབྲི་རྒྱུ་འགོ་འཛུགས་ཚར་བ་རེད། ང་ཚོ་ཐེངས་གཉིས་ཐུག་ཚར་བ་ཡིན། ཨ་རི་གཞུང་གིས་ལུང་པ་གཞན་པར་འབྲེལ་བ་བྱས་པ་ལྟར་ང་ཚོར་དེ་ལྟར་བྱེད་པ་འགོ་བཙུགས་ཚར་བ་རེད། གལ་ཆེ་ཤོས་དེ་ཕྱི་སྲིད་ལས་ཁུངས་ཀྱི་བོད་ཐོག་ལོ་འཁོར་སྙན་ཐོ་བཏོན་ནས་གྲོས་ཚོགས་ལ་འབུལ་དགོས་ཀྱི་ཡོད་རེད། བོད་ཀྱི་གནས་སྟངས་དང་ཁོར་ཡུག ཆོས་དད་རང་དབང་སོགས་ཀྱི་སྐོར་རེད། ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་རྒྱ་གར་དང་། ཉི་ཧོང་། ཨོ་སི་ཀྲོ་ལི་ཡ། ཨ་རི་བཅས་རྒྱལ་ཁབ་བཞིའི་བདེ་སྲུང་འབྲེལ་མོལ་(Quadrilateral Security Dialogue (Quad)) ཁེ་ཌི་ཞེས་པའི་སྐོར་ལ་སྲིད་སྐྱོང་མཆོག་གིས་གསུང་དོན། (Quad)) ཞེས་པ་འདི་ཐ་སྙད་འདི་དང་ཐོག་ཉི་ཧོང་སྲིད་བློན་ཤེ་ཟོ་ཨ་བྷེ་མཆོག་གིས་གཞུང་འབྲེལ་ཐོག་བེད་སྤྱོད་བཏང་ཡོད། ཁོང་རྒྱ་གར་གྱི་གྲོས་ཚོགས་ལ་ཕེབས་ནས་བཀའ་སློབ་གནང་སྐབས། རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་(Indo-Pacific Strategy)དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད། དེ་ནས་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་མོས་མཐུན་བྱས་པ་རེད། སྐབས་དེར། སྲིད་བློན་ཨ་བྷེ་མཆོག་གིས་ཐ་སྙད་གསུམ་བེད་སྤྱོད་བཏང་ཡོད་རེད། རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་ནང་ལ་རང་དབང་ལྡན་པའི་ཨེ་ཤེ་ཡ་དང་། མང་གཙོ་ལྡན་པའི་ཨེ་ཤེ་ཡ། དཔལ་འབྱོར་སོགས་ཀྱི་ཐད་ནས་ཡར་རྒྱས་ལྡན་པའི་ཨེ་ཤེ་ཡ་དགོས་ཡོད། ཅེས་གསུངས་ཡོད་རེད། དེ་དག་རྒྱ་ནག་ལ་དམིགས་ནས་གསུངས་ཡོད་པ་རེད། གང་ཡིན་ཟེར་ན། རྒྱ་ནག་ལ་རང་དབང་ཡོད་མ་རེད། འགྲོ་བ་མིའི་ཐོབ་ཐང་ཡོད་མ་རེད། མང་གཙོ་ཡོད་མ་རེད། ཁོང་གིས་དེ་ལྟར་གསུངས་རྗེས་རྒྱ་གར་གྱིས་ཁས་ལེན་པ་རེད། དེ་ནས་ཨོ་སི་ཀྲོ་ལི་ཡ་ཡིས་ཁས་ལེན་པ་རེད། རྗེས་སུ་ཨ་རིའི་སྲིད་འཛིན་ཊོམ་སྐབས་སུ་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་དགོས་འདུག་ཞེས་ཁས་ལེན་པ་རེད། དེར་བརྟེན། གོང་གི་རྒྱལ་ཁབ་བཞི(Quad)་བྱུང་བ་རེད། ཁོ་ཚོས་རྒྱ་ནག་མཉམ་དུ་ཚོང་འབྲེལ་བྱེད་ཀྱི་ཡིན། འོན་ཀྱང་། རྒྱལ་ཁབ་སོ་སོའི་བདེ་འཇགས་སྲུང་སྐྱོབ་བྱ་ཆེད་རྒྱ་ནག་ལ་གདོང་ལེན་བྱེད་ཀྱི་ཡིན་གསུངས་པ་རེད། རྒྱ་ནག་ནི་དཔལ་འབྱོར་དང་དམག་དོན་ཐོག་སྟོབས་ལྡན་ཆགས་ཡོད་ཙང་། རྒྱལ་ཁབ་རྣམས་ཀྱིས་མཉམ་འབྲེལ་ཐོག་ནས་གདོང་ལེན་བྱ་ཆེད་(Quad)་བཙུགས་པ་རེད། ཉེ་ཆར་རྒྱལ་ཁབ་བཞིའི་སྲིད་འཛིན་དང་སྲིད་བློན་རྣམས་ཀྱིས་ཚོགས་འདུ་ཡང་ཚོགས་ཡོད་རེད།

དེ་ནས་(Quad)དང་བོད་བར་འབྲེལ་བ་གང་ཡོད་དམ། དེའི་ནང་དུ་ཚུད་ཐབས་གང་འདྲ་བྱེད་དགོས་རེད་ཟེར་ན། ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་ནི་མང་གཙོའི་གཞུང་དང་། གནམ་གཤིས་འགྱུར་ལྡོག་ད་ཁོར་ཡུག་སྲུང་སྐྱོབ་ཐོག་བོད་ཀྱི་ཁོར་ཡུག་གལ་ཆེན་པོ་ཡིན་པ་ཁྲིམས་ནང་གསལ་བསྡད་ཡོད་རེད། དེ་ནས་ཆོས་དད་རང་དབང་དང་ཡང་སྲིད་སྐོར་ནི་འགྲོ་བ་མིའི་ཐོབ་ཐང་ཆགས་ཡོད།

ཕྱོགས་གཞན་ཞིག་ནས་བརྗོད་ན། འཛམ་གླིང་ནང་དུ་ནང་པའི་རྒྱལ་ཁབ་༡༤་ཡོད་རེད། ནང་ཆོས་བྱེད་མཁན་རྒྱལ་ཁབ་༥༤་ཡོད་རེད། རྒྱལ་ཁབ་༡༤་དེ་ཚོ་ཚང་མ་རྒྱ་གར་དང་ཞི་བདེའི་རྒྱ་མཚོ་གླིང་ཕྲན་འདིའི་ནང་ཡོད། ང་ཚོས་ཆོས་དད་རང་དབང་དང་ཡང་སྲིད་སྐོར་བརྗོད་ཡོང་དུས། ཨེ་ཤེ་ཡའི་ནང་དུ་ཡོད་པའི་ནང་པའི་རྒྱལ་ཁབ་མང་པོ་ཡོད་ཙང་། བོད་དེ་དེའི་ནང་དུ་ཚུད་བསྡད་ཡོད་རེད། དེ་བཞིན་རྒྱ་གར་དང་རྒྱ་ནག་ས་མཚམས་རྙོག་དྲ་འབྱུང་བཞིན་ཡོད་དུས། བོད་འདི་བདེ་འཇགས་སྲུང་སྐྱོབ་དང་། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་བཅས་དེའི་ནང་དུ་ཚུད་བསྡད་ཡོད་རེད། བོད་དེ་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་ནང་དུ་ཚུད་པ་གསལ་བོ་གང་འདྲ་ཆགས་ཡོད་རེད་བརྗོད་ན། ཨ་རིའི་གྲོས་ཚོགས་ནང་དུ་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་ཐོག་བགྲོ་གླེང་བྱེད་སྐབས་བོད་ཅེས་ཐེངས་ཁ་ཤས་གསུངས་ཡོད་རེད། ཨ་རི་བོད་དོན་ཁྲིམས་འཆར་གྱི་ནང་དུ་བོད་དང་བོད་མི་ཞེས་ཐེངས་༡༠༧་ཐོན་ཡོད་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། དེ་ནས་བཀའ་ཤག་ངོས་ནས་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཐབས་བྱུས་ནང་ཚུད་ཐབས་གང་བྱས་ཡོད་ཟེར་ན། ང་ཨ་རིར་མང་ཤོས་ཕྱིན་པ་ཡིན། ལོ་གསུམ་བཞིའི་སྔོན་ལ་(Quad)གལ་ཆེན་པོ་ཆགས་ཀྱི་རེད། དེའི་ཐོག་བསམ་འཆར་གང་ཡོད་ཅེས་དྲིས་སོང་། དེའི་སྐབས། རྒྱ་གར་ས་མཚམས་རྙོག་དྲ་དང་། མང་གཙོ། ཆོས་དད་རང་དབང་། ཁོར་ཡུག འཐུང་ཆུ་བཅས་ཀྱི་སྐོར་ཤོག་ལབ་གསུམ་བཞི་ཞིག་ཨ་རིའི་ཕྱི་སྲིད་ལས་བྱེད་ཅིག་ལ་སྤྲད་ནས་དེ་ཕན་ཐོགས་པོ་བྱུང་སོང་། དེ་ཚོ་སྙན་ཐོའི་བླུགས་ཀྱི་ཡིན་ཞེས་བརྗོད་སོང་། ཨ་རིར་རིམ་དང་རིམ་པ་བཅར་ནས་གནད་ཡོད་མི་སྣར་ཞུས་པ་ཡིན་ལ། རྒྱ་གར་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣར་ཐུག་ནས་ཞུས་པ་ཡིན། ཉི་ཧོང་ལའང་རིམ་པ་ཕྱིན་ནས་རིམ་པ་ཞུས་ཡོད། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་ནང་དུའང་འབད་བརྩོན་ཞུས་པ་ཡིན། རྒྱལ་ཁབ་བཞི་ཡི་ནང་དུ་འབད་བརྩོན་བྱས་ནས་འབྲས་གྲུབ་ཕྲ་ལ་ཕྲ་པོ་སྨིན་པ་ཆགས་ཡོད། ཅེས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།