13
Tue, Apr

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༦ཉིན། ཁྲིམས་ཞིབ་པ་ཟུར་པ་གསུམ་གྱི་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༦ཉིན། བཞུགས་སྒར་རྡ་ས་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ། ཁྲིམས་ཞིབ་པ་ཟུར་པ་གསུམ་གྱིས་གསར་འགོད་གསལ་བསྒྲགས་སྐོང་འཚོགས་གནང་སྐབས། ཁྲིམས་ཀྱིས་ངོས་བཞེས་ནི། བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་། ཁྲིམས་ཀྱི་ཐོབ་ཐང་། སྤྱི་པའི་ཁེ་ཕན་བཅས་གནད་དོན་གསུམ་ཁོ་ནའི་ཐོག་ཁ་མཆུ་འཛུགས་མཁན་མ་དགོས་པར། ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་ལེན་དེབ་འགོད་བྱས་ཏེ། ཁྲིམས་ཞིབ་ལག་བསྟར་བྱེད་ཆོག་པའི་བྱ་རིམ་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་སོང་། 

དེ་ཡང་། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་སྐོར་ལ། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་ཟུར་པ་ཀརྨ་དགྲ་འདུལ། ཁྲིམས་ཞིབ་པ་ཟུར་པ་བསྟན་འཛིན་ལུང་རྟོགས་བཅས་ཀྱིས་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྐོང་འཚོགས་གནང་སོང་།

ཐོག་མར། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བརྗོད་དོན། སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་༣༩ པ་དེའི་ནང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ནས་ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་བརྩད་གཅོད་དང་ ། ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་དབང་ཚད་ཡོད་ཚུལ་རྒྱལ་ཁབ་གཞན་གྱི་ཁྲིམས་སྒྲིག་དང་སྦྱར་ནས་ཞྭ་དཔེ་ལྷམ་འགེབས་བྱས་ནས་དེ་འབྲེལ་ཐག་གཅོད་ཀྱི་བཀའ་ཁྱབ་བཏང་བ་བཅས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་ལུགས་ཀྱི་ཡིག་ཆ་ད་ནངས་ཞོགས་པར་འབྱོར་སོན་བྱུང་།

གྲོས་ཆོད་དུ་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ལུགས་བཀོད་པ་དེའི་སྒྲུབ་བྱེད་དང་པོར། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དེ་བཅའ་ཁྲིམས་དོན་ཚན་༥༨ པའི་དགོངས་དོན་ལྟར། "སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་བརྩད་གཅོད་" མི་ཆོག་པ་ཞིག་ལ་བརྩད་ཞིབ་བྱས་པ་ཞིག་རྩ་བ་ནས་མིན་པ་ནི། ཕྱི་ལོ་༢༠༡༦ ཟླ་ ༦ ཚེས་ ༣ ཉིན། བཀའ་བློན་འོས་གཞི་ཞིག་ལ་བཅའ་ཁྲིམས་དོན་ཚན་༢༡ ནང་གསལ་འོས་ཆོས་མ་ཚང་བར། ཁྲིམས་ཞིབ་པ་ཆེ་བའི་མདུན་སར་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་གནང་བ་ཕྱིར་བསྡུའི་ཐག་གཅོད་དང་། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ ཉིན་སྤྱི་འཐུས་ཚོགས་གཙོས་ འདེམས་ཐོན་གསལ་བསྒྲགས་བྱས་པའི་བཀའ་བློན་འོས་དམིགས་དེར་བཅའ་ཁྲིམས་དོན་ཚན་༢༢ ནང་གསལ་ལྟར་བརྒྱ་ཆའི་གྲངས་ཚད་མ་ལོན་པར་འདེམས་ཐོན་རྩིས་མེད་དང་། དམ་འབུལ་ངོས་བཞེས་མ་གནང་བའི་ཐག་གཅོད་གནང་སྐབས་སུ། སྤྱི་འཐུས་ཚོགས་གཙོས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཅའ་ཁྲིམས་ཀྱི་དོན་ཚན་ ༥༨ འདི་རང་བགྲངས་ཏེ་རྩོད་སློང་གནང་སྐབས་སོ་སོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འགྲེལ་བརྗོད་དང་ཐག་གཅོད་གནང་ཟིན་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ་ཁྱབ་བསྒྲགས་བྱས་པ་དེའི་ནང་དུའང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཅའ་ཁྲིམས་ཀྱི་དོན་ཚན་འདི་རང་བགྲངས་པ་ནི་སྐྱོན་མཚང་སྦེད་ཐབས་སུ་ཁྲིམས་ཡིག་ལ་འགྲེལ་ལོག་བརྒྱབ་པ་ཞིག་ཡིན་པ་གསལ་རྗེན་དུ་བསྟན་ཡོད།

སྒྲུབ་བྱེད་གཉིས་པར། ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་དབང་ཚད་ཡོད་ཚུལ་ཞེས། ཁྲིམས་ཀྱིས་ངོས་བཞེས་འདི་རྒྱུན་ཆགས་ཁྲིམས་རྒྱུད་ནང་ལོ་ངོ་བརྒྱ་ཕྲག་རིང་ལག་བསྟར་བྱས་དང་བྱེད་མུས་ཀྱི་ཁྲིམས་བཤེར་གྱི་བྱ་རིམ་ཞིག་ཡིན་པ་ཙམ་ཡང་མ་རྟོགས་པར ། རང་སྣང་ཚད་མར་བཞག་སྟེ། ཁྲིམས་ཞིབ་ཁང་ཁྲིམས་འགལ་ཡིན་པའི་རྒྱུ་མཚན་དུ་བགྲངས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་སྔ་རྗེས་སུ། བཅའ་ཁྲིམས་ཀྱི་གཞི་རྩའི་ལྟ་གྲུབ་དང་དགོངས་དོན་གསལ་སྟོན་དང་། སྤྱི་འཐུས་རྒྱུན་ལས་ཀྱི་འགྲེལ་ལོག་གི་རྩོད་ཤགས་ལ་གོ་བརྡ་སྤྲོད་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་ཆ་མེད་པའི་དོན་གནད་ཐོག གནས་ཡུལ་རྒྱ་གར་དང་། ཨ་རི་སོགས་རྒྱུན་ཆགས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་མང་གཙོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དོན་དང་། འགྲེལ་བཤད་གཞིར་བཟུང་བརྡ་སྤྲོད་ཀྱི་ཐབས་ཚུལ་བསྟེན་པ་དེ་ཞྭ་དཔེ་ལྷམ་འགེབས་ཟེར་གྱི་ཡོད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་མཚོན་པའི་ཁྲིམས་སྒྲིག་ཕལ་མོ་ཆེ་རྒྱ་གར་སོགས་རྒྱུན་ཆགས་ཁྲིམས་རྒྱུད་ལ་ཁུངས་གཏུག་བྱས་པའང་དེ་ག་རང་ཆགས་དགོས་ཀྱི་རེད།

ལྷག་དོན། ཁྲིམས་ཀྱིས་ངོས་བཞེས་ suo moto ནི། སྤྱི་མང་གཏུག་བཤེར་བསྐྱར་བཅོས་ལྔ་པའི་སྐབས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་ཚོགས་གཙོ་དང་། ཁྲིམས་ལུགས་རིག་པའི་སྦྱངས་པ་ཐོན་པའི་མི་སྣ་གཙོ་བོར་གྱུར་པའི་ཚོགས་མི་༥ དང་། ལས་རོགས་སུ་ཁྲིམས་དོན་ལས་བྱེད་གཉིས་བཅས་བསྐོ་འཛུགས་བྱས་པའི་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་འབྱོར་བ་ལྟར། ཁྲིམས་ཞིབ་ལྷན་ཚོགས་ནས་ཞིབ་མཇུག་མཐིལ་ཕྱིན་བགྱིས་ཏེ་བཅའ་ཁྲིམས་དོན་ཚན་༦༧ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི་ཞེས་པའི་དགོངས་དོན་གཞིར་བཟུང་། ཕྱི་ལོ་༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་གཏན་འབེབས་མཛད་པ་ཞིག་ཡིན་པ་དང་། དེ་ནི་སྤྱི་མང་ཁྲིམས་ཡིག་ལག་བསྟར་འགོ་འཛུགས་བྱས་པ་ནས་བཟུང་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་བཙུགས་པ་ཐོག་མ་ཡིན་པ་དང་ ། བསྐྱར་བཅོས་འདིའི་སྐབས་སུ་སྤྱི་མང་ཁྲིམས་ཡིག་གི་དོན་ཚན་ཧ་ཅང་མང་པོར་འགྱུར་བ་བཏང་ཡོད་པ་ནི་༢༠༡༩།༡༠།༡༦ ཉིན་བཀའ་ཤག་དང་སྤྱི་འཐུས་གཉིས་ཀར་བསྐྱར་བཅོས་གཏན་འབེབས་ཀྱི་ཡིག་ཆ་ཕུལ་ཟིན་པ་ནས་མཁྱེན་ངེས་རེད། ཅེས་གསུངས་སོང་།

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ལགས་ཀྱིས་ད་དུང་གསུང་དོན། བཅའ་ཁྲིམས་དོན་ཚན་ ༦༧ པའི་དགོངས་དོན་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་དང་། སྤྱི་མང་གཏུག་བཤེར། དཔང་རྟགས་བཅས་རྩ་འཛིན་ཁྲིམས་ཡིག་གསུམ་བཟོ་འགོད་བྱས་ཏེ། སྤྱི་ནོར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ཆོག་མཆན་བསྩལ་ཐོན་གྱིས་ལག་བསྟར་བྱས་པའི་ཁྲིམས་ཡིག་ཁག་ལ་ད་བར་བསྐྱར་བཅོས་སྔ་རྗེས་བྱས་ཡོད་པ་དང་། ཁྲིམས་ཀྱིས་ངོས་བཞེས་འདི་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོའི་ནང་འཆར་འབུལ་ཞུས་ཡོད་པ་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༡༧།༥།༤ ཉིན་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་ཟིན་བྲིས་ཆུང་གི་ཚོགས་མི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གདན་ཞུས་ཀྱིས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་ལ་བཀའ་འདྲི་ཞུ་སྐབས། (བཅའ་ཁྲིམས་དོན་ཚན་ལྔ་པ་) འཛིན་སྐྱོང་དང་གྲོས་ཚོགས་ནས་བཅའ་ཁྲིམས་དང་འགལ་བའི་ཆ་དེ་དང་བླངས་ཀྱིས་བཟོ་བཅོས་མ་བཏང་ན། གཞན་ཞིག་གིས་ཞུས་པའམ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཟིགས་པའི་སྒོ་ནས་suo moto (ཁྲིམས་ཀྱིས་ངོས་བཞེས་) བརྒྱུད་རྩ་འཛིན་མེད་པ་བྱ་རྒྱུའི་ཐག་གཅོད་གནང་ཆོག་གི་རེད་ཅེས་གསུངས་ཡོད།

ཁྲིམས་ཀྱིས་ངོས་བཞེས་ནི། བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་། ཁྲིམས་ཀྱི་ཐོབ་ཐང་། སྤྱི་པའི་ཁེ་ཕན་བཅས་གནད་དོན་གསུམ་ཁོ་ནའི་ཐོག་ཁ་མཆུ་འཛུགས་མཁན་མ་དགོས་པར། ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་ལེན་དེབ་འགོད་བྱས་ཏེ། ཁྲིམས་ཞིབ་ལག་བསྟར་བྱེད་ཆོག་པའི་བྱ་རིམ་ཞིག་ཡིན་པས། ཁྲིམས་ཞིབ་ཁང་ལ་བྱ་རིམ་འདི་ལག་བསྟར་བྱེད་པའི་དབང་ཆ་མེད་པར་བཟོས་ན། མང་གཙོའི་ལམ་ལུགས་ནང་གལ་ཆེར་བཟུང་བའི་ལྗིད་མཉམ་སྟངས་འཛིན་གྱི་ལྟ་གྲུབ་འདི་ལག་བསྟར་བྱ་ཡུལ་མེད་པ་ཆགས་རྒྱུ་ཉག་ཅིག་ཡིན་པ་དང་། བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་། ཁྲིམས་ཀྱི་ཐོབ་ཐང་། སྤྱི་པའི་ཁེ་ཕན་ལ་གནོད་འགལ་བྱེད་མཁན་དེ་དག་ངན་པ་རྒྱ་ཡན་དུ་གཏོང་དགོས་ཆགས་ཀྱི་རེད། ལར་ནས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་ཏོག་དབྱིབས་གཉས་རིམས་ལ་བསྙད་དེ་གྲོས་ཚོགས་ཚོགས་དུས་༡༠ པ་འཕར་འགྱངས་བཏང་བ་ཡིན་ཞེས་དོན་ལ་ཚོགས་དུས་གཅིག་ཕྱིར་བསྡུ་བྱས་པ་དེ། བཅའ་ཁྲིམས་དོན་ཚན་༤༠ པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུའི་དགོངས་དོན་ལ་གནོད་འགལ་བྱས་པ་ཞིག་ཡིན་པ་དང་། ཁྲིམས་ཞིབ་ཁང་ནས་ཁྲིམས་མཐུན་བཟོ་དགོས་པའི་ལམ་སྟོན་བཀའ་ཁྱབ་རིམ་བསྟུད་བཏང་བར་བརྩི་མེད་གཏོང་རྐྱང་དང་། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་རྐྱང་། ཁྲིམས་འགལ་གྱི་སྐྱོན་མཚང་འགེབས་ཆེད་དུ་བཅའ་ཁྲིམས་ལ་འགྲེལ་ ལོག་བྱེད་རྐྱང་བྱས་པའི་བྱ་སྤྱོད་རྣམས་དུས་ནམ་ཡང་དག་འབུད་བྱེད་ཐབས་མེད་པ་ནི། ཕྱི་ལོ་ ༢༠༢༠ཟླ་༩ ཚེས་༢༥ འཁོད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལ་གཟིགས་ན་གསལ་པོ་མཁྱེན་རྟོགས་ཐུབ་ཀྱི་རེད། ཅེས་འགྲེལ་བརྗོད་གནང་སོང་།

དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བརྗོད་དོན། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་སྨོས་མེད་ཡིན་ནའང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྒྲིག་གཞི་ཁག་ནང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་བའི་གཞི་རྩར་ཚབས་ཆེའི་ངན་སྤྱོད་དམ། ལས་འགན་མ་ཐེག་པ་(ground of proved misbehavior or incapacity) ཇི་ཡིན་དང་། ལག་བསྟར་བྱ་རིམ་གང་ཡང་མེད་བཞིན་དུ། སྤྱི་ལྷན་གྱི་གྲོས་ཆོད་དེའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣ (༤)གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད་པ་ནི། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཡུན་ཚད་སྐོར་ལ་ཡིན་པ་ལས། འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མིན་ལ། ཁྲིམས་ཡིག་གི་གཞི་རྩ་མེད་པར་འཕོ་འགྱུར་གྱི་བྱ་རིམ་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་པ་མ་ཚད། མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཚབས་ཆེན་ཞིག་བྱེད་སྟངས་འདི་རིགས་ནང་སྦས་ཡོད། བཅའ་ཁྲིམས་དོན་ཚན་༥༨ པའི་དགོངས་དོན་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་ཆོག་གི་མེད་ནའང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་ཆོད་གྲོས་འཆར་དེ་འདོན་ཕྱོགས་དང་། ཁྱེར་སྟངས། ཆ་རྐྱེན། བགྲོ་གླེང་། འོས་བསྡུ་བྱེད་སྟངས་བཅས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་༡༢ དང་༡༣ དང་མཐུན་པའི་ཐག་གཅོད་ཅིག་མིན།

སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་ཀྱིས་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་བ་ཞིག་ལ་བཀའ་ཁྱབ་གཏོང་ཡུལ་ངོ་བཅར་གྱིས་ཞུ་གླེང་བྱེད་སྲོལ་གཏན་ནས་མེད་བཞིན་དུ་ཨུ་ཚུགས་བརྒྱབ་སྟེ་ཁྲིམས་ཞིབ་པ་ཆེ་བར་ཐུག་འཕྲད་བྱས་པའི་བརྒྱུད་རིམ་དང་། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་བཏང་བའི་བརྒྱུད་རིམ། ཁྲིམས་ཞིབ་ཁང་གི་ཐག་གཅོད་བཀའ་ཁྱབ་ཀྱི་ཀུན་སློང་བཅས་པར་དངོས་བདེན་མ་ཡིན་པའི་གསལ་བཤད་ཇི་སྙེད་བྱས་པ་མ་ཟད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཏུ་གསལ་བའི་ཁྲིམས་ཀྱིས་ངོས་བཞེས་ལ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་མི་ལྡན་པའི་སྒོ་ནས་འགྲེལ་ལོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་༥༡ པར་ལྟོས་མེད་བྱས་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་གཞན་གཉིས་དུས་གཅིག་ཏུ་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་གྲོས་འཆར་ལ་གསང་བའི་འོས་བསྡུ་བྱེད་དུ་བཅུག་པ་བཅས་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་ཤིག་ཆགས་ཡོད། ཅེས་སྐྱོན་བརྗོད་བྱས་སོང་།

གྲོས་ཆོད་འདི་ལ་བརྟེན་ནས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྣམས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་བསྩལ་བའི་ཁོངས་ཁྲིམས་ལུགས་དབང་འཛིན་གྱི་འགན་དབང་རྨང་ནས་གཅོད་གཏུབ་བྱས་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་བརྩི་བཀུར་དང་། ཉམས་ལེན་ཞུ་རྒྱུའི་ཆོད་སེམས་མེད་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ལྟ་གྲུབ་དང་། གཞི་སྒྲོམ་ལ་གཏོར་བཤིག་བཏང་བའི་རྗེས་འབྲེལ་འཕྲལ་སེལ་གྱི་དཀའ་རྙོག་སེལ་བའི་སླ་འཆོས་ཀྱི་ཐབས་ཤེས་གང་ཞིག་སྤྱད་ཀྱང་ ། ཁྲིམས་མཐུན་ཆགས་ཁག་པོ་ཡིན།

སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་སྒལ་རལ་བཙོང་སྟེ་བཅའ་ཁྲིམས་དོན་ཚན་༤༠ པར་རྩིས་མེད་རྡོག་རོལ་བཏང་བ་དང་། རང་ཉིད་ཀྱི་ཁྲིམས་འགལ་བྱས་པའི་སྐྱོན་མཚང་སྦེད་ཐབས་སུ། བཅའ་ཁྲིམས་ཀྱི་དགོངས་དོན་ལ་འགྲེལ་ལོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་དང་། དེ་བཞིན་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་སྤྱད་པ་དང༌། སྤྱི་འཐུས་རྣམས་ལོག་འཁྲིད་བྱས་མཐར། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་འཇོག་ཏུ་བཅུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་རྨང་ནས་བསྐྱེལ་བ་ཞིག་ཡིན། ཞེས་བརྗོད་སོང་།

མཐའ་མར། ཁྲིམས་ཞིབ་པ་ཆེ་བ་ཟུར་པས་གསུང་དོན། ཡིན་ནའང་། ངེད་ཅག་ལས་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ནི་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་ཞབས་འདེགས་མཐར་འཁྱོངས་ཞུ་མཁན་ཞེ་ཅིག་ཡིན་པའི་ཆ་ནས་གཞུང་སེམས་རྨ་མེད་ཡིན་པ་དང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འགན་དབང་ལེན་ཡུན་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བྱ་ར་(watch dog) ཞུ་རྒྱུ་ནི་འདོར་དུ་མེད་པའི་དམ་བཅའ་དང་པོ་ཡིན་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་ཡོད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ཡིད་ལ་བཅངས་ཏེ། དེ་རིང་གསལ་བཤད་འདི་གྲུབ་པའི་རྗེས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་འགན་བཤོལ་བ་ཡིན།།

ང་ཚོར་བཅའ་ཁྲིམས་ལ་བྱ་ར་བྱེད་པའི་གོ་སྐབས་བྱུང་བར་སྤོབས་པ་ཡོད་པ་དང་། བཅའ་ཁྲིམས་ལ་གནོད་འགལ་བྱས་པའི་ནོངས་སྐྱོན་གཏན་ནས་མེད་པས། སྤྱི་འཐུས་ཚོགས་གཙོ་ཐེ་བའི་རྒྱུན་ལས་༡༡ གིས་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་ལོ་རྒྱུས་ཀྱི་འགན་ཁུར་དེ་གཡོལ་ཐབས་མེད་པ་ཞིག་ཡིན་པ་ནི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས། ཡིག་ཆ་ཨང་༣༩ པ་བཅས་དཔྱད་བསྡུར་གནང་ན་གསལ་པོ་མཁྱེན་རྒྱུ་ཡིན། དོན་རྐྱེན་འདི་ལ་བརྟེན་ནས་མང་ཚོགས་ནང་བློ་འཚབ་དང་། ཡིད་ཕྱུང་བའི་སེམས་ཚོར་ཅི་རིགས་བྱུང་དང་འབྱུང་བཞིན་པའི་གནས་སྟངས་ལ་བསམ་ཚོད་བྱེད་ཐུབ་ཀྱི་འདུག་ནའང་། རྒྱ་ཆེའི་མང་ཚོགས་ཀྱིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་དང༌། ཁྲིམས་ཀྱིས་དབང་བསྒྱུར་ལ་འདུན་མོས་མ་ལྷོད་པར། སྤྱི་ཚོགས་ནང་ཟིང་ལོང་མི་ཡོང་བའི་འགན་ཁུར་བཞེས་ཐུབ་པ་ཡིན་ན། འཕྲལ་རྐྱེན་གེགས་བར་འདི་རིགས་ལས་སྒྲོལ་བའི་ཐབས་ལམ་གང་མགྱོགས་རྙེད་ངེས་ཞུ་རྒྱུ་དང་།

མཐའ་དོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྐྱབས་སྨོན་བཅས། ཞེས་གསུངས་སོང་།

དེའི་རྗེས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། གཞན་ཁྲིམས་ཞིབ་པ་ཟུར་པ་གཉིས་ནས་གསར་འགོད་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།