13
Tue, Apr

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༡༢ཉིན། བོད་མི་ཚོས་བཞུགས་སྒར་རྡ་ས་མེག་ལོ་གན་ཇི་ནས་རྡ་ཤོད་ཀཱ་ཅཱ་རིའི་བར་ཞི་བའི་གོམ་བགྲོད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡ཟླ་༣ཚེས་༡༢ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༡༩༥༩་ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་མི་ལོ་༦༢་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་སྡེ་ཚན་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དང་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་འོག་གློད་གྲོལ་གཏོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུས་སོང་།

གོང་ཚེས་ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་མི་ལོ་༦༢་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་བཞུགས་སྒར་རྡ་ས་མེག་ལོ་གན་ཇི་ནས་རྡ་ཤོད་ཀཱ་ཅཱ་རིའི་བར་ཞི་བའི་གོམ་བགྲོད་གནང་སོང་། གོམ་བགྲོད་གནང་སྐབས། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས། བོད་ལ་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་སོགས་ཀྱི་སྐད་འབོད་གནང་སོང་།

དེ་ཡང་། བཞུགས་སྒར་རྡ་ས་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་རླུངས་འཁོར་འཇོག་གནས་སུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༢ ཀྱི་དུས་དྲན་སྲུང་བརྩི་མཛད་སྒོ་ཞིག་ཚོགས་སོང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། དགེ་བཤེས་མ་བསྟན་འཛིན་ཀུན་གསལ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། གཞན་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། གོམ་བགྲོད་ཉམས་ཞུགས་གནང་མཁན་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགའ་མཉམ་ཞུགས་གནང་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བརྗོད་དོན། དེ་རིང་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༢ ཀྱི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཐུན་མོང་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་མོ་རྣམས་ལ་གདེང་འཇོག་དང་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། བོད་མིའི་སྒེར་ལངས་བྱུང་བའི་ཉིན་གཅིག་གི་རྗེས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་ཕོ་བྲང་པོ་ཏ་ལའི་མདུན་གྱི་འབྲས་བུ་གཡུལ་ཁའི་ཐང་དུ་སྙིང་སྟོབས་ལྷག་བསམ་ལྡན་པའི་རྒྱལ་གཅེས་དཔའ་མོ་གུར་སྟེང་ཀུན་བཟང་ལགས་དང་དགའ་གླིང་ཤར་ཆོས་ལགས། སྤེལ་གོང་སྤེན་པ་སྒྲོལ་མ་ལགས་སོགས་ཀྱིས་སྣེ་འཁྲིད་འོག་བོད་ཀྱི་བུད་མེད་སྟོང་ཚོ་བརྒལ་བས་མ་སྐུལ་དང་ལངས་ཐོག་རྒྱ་ནག་གི་ཁྲིམས་འགལ་གྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པ་རེད། སྐབས་དེའི་བོད་ཀྱི་བུད་མེད་རྣམ་པའི་ལ་རྒྱ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་བོད་པའི་བུད་མེད་ཀྱི་རང་རེའི་རང་དབང་འཐབ་རྩོད་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱ་ཐུབ་པ་བྱུང་ཡོད།

དེས་རྐྱེན་པས་བུད་མེད་ཀྱི་འགོ་འཁྲིད་གཙོ་བོར་གྱུར་བའི་བུད་མེད་མང་པོ་ཞིག་འཇུ་བཟུང་དང་བཙོན་འཇུག དེ་བཞིན་མང་དག་ཞིག་རྡུང་རྡེག་ཚད་མེད་འཕོག་སྟེ་འདས་གྲོངས་སུ་སོང་ཡོད། འོན་ཀྱང་དྲག་གནོན་གྱི་སྲིད་བྱུས་དེ་དག་གིས་བུད་མེད་དེ་ཚོའི་སྙིང་སྟོབས་གཅོག་ཐུབ་མེད་ལ། སླར་ཡང་ལོ་ངོ་བཅུའི་རྗེས་ཕྱི་ལོ་ ༡༩༦༩ རིག་གནས་གསར་བརྗེ་ཡི་དུས་སྐབས་སུ་གུར་སྟེང་ཀུན་བཟང་ལགས་ཀྱི་བཙོན་ཁང་ནས་རྒྱ་ནག་གི་དྲག་གནོན་ལ་གདོང་ལེན་དང་ངོ་རྒོལ་བྱས་ཏེ་ཕྱི་ལོ་ ༡༩༧༠ ལོ་མཇུག་ལ་བཙོན་པ་གཞན་ཁག་བཅོ་ལྔ་དང་ལྷན་དུ་སྲོག་ཁྲིམས་བཅད། དེ་བཞིན་སྙེ་མོའི་སྒེར་ལངས་ཀྱི་འགོ་འཁྲིད་པ་སྙེ་མོའི་བཙུན་མ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱང་ལོ་དེའི་ལོ་མཇུག་ནང་སེ་ར་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་དོག་སྡེ་རུ་སྲོག་ཁྲིམས་བཅད་ཡོད་པ་རེད།

དེ་བཞིན་བཙུན་མ་གཙོས་པའི་བོད་ཀྱི་བུད་མེད་རྒན་གཞོན་མང་དག་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གི་དྲག་གནོན་བཙན་འཛུལ་ལ་ངོ་རྒོལ་བྱས་ཡོད། འདས་པའི་ལོ་ངོ་དྲུག་ཅུ་རེ་གཅིག་རིང་བོད་པའི་བུད་མེད་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་འགལ་བཙན་འཛུལ་ལ་སྙིང་སྟོབས་ཆེན་པོས་གདོང་ལེན་བྱས་ཡོད་པ་ལ་དཔའ་མཛངས་ཆེན་པོས་བོད་མིའི་སྟེང་སྡུག་སྦྱོང་མནར་གཅོད་བཏང་པ་ཁག་ཀྱང་ཐེར་སྟོན་བྱས་ཡོད།

རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་རྡོག་རོལ་བཏང་བ་ཙམ་མ་ཟད། བོད་མཐོ་སྒང་གི་ཉག་ཕྲ་བའི་ཁོར་ཡུག་ལའང་གཏོར་སྐྱོན་ཚབས་ཆེན་བཏང་བ་སོགས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཞི་ཅིན་ཕིང་གི་དབང་འོག་ཕྱི་ལོ་ ༢༠༡༦ ནས་ ༢༠༡༩ བར་བླ་རུང་སྒར་དང་ཡ་ཅན་སྒར་གཉིས་སུ་བཙུན་མ་ཕྱིར་ཕུད་དང་བཙུན་མའི་ཤག་གཏོར་བཤིགས་བཏང་བའི་གནས་ཚུལ་རབ་དང་རིམ་པ་བྱུང་ཡོད། ཕྱིར་ཕུད་བཏང་བའི་བཙུན་མ་དག་ས་གནས་སྲིད་གཞུང་གི་དམ་དྲག་འོག་བསྐྱར་དུ་ཆོས་སྒར་དུ་སློབ་སྦྱོང་བྱེད་མི་ཆོག་པ་དང་། ཁོང་ཚོར་བཙན་ཤེད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ནང་མཉམ་ཞུགས་བྱེད་བཅུག་ཡོད།

ཉེ་བའི་ཆར་བྱུང་བའི་གནས་ཚུལ་འགའ་ཤས་ཞིག་ཟུར་འདོན་ཞུས་ན། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཁོངས་ནས་ཡིན་པ། རང་ལོ་ ༣༦ ལ་སོན་པ་ཕྲུ་གུ་གསུམ་གྱི་མ་ལྷ་མོ་ཉེན་རྟོགས་པའི་རྡུང་རྡེག་ཚ་ནན་འཕོགས་ཏེ་འདས་གྲོངས་སུ་སོང་ཡོད། ཁོང་གིས་རྒྱ་གར་ནང་སྤུན་མཆེད་ཉེ་འཁོར་ཞིག་ལ་དངུལ་བཏང་བའི་ཉེས་མིང་འོག་བཙོན་འཇུག་བྱས་པ་དང་བཙོན་ཁང་ནང་སྡུག་སྦྱོང་ཚད་མེད་བཏང་ཡོད་འདུག བཙོན་ཁང་གི་དོ་དམ་མནར་གཅོད་འོག་ལྷ་མོ་རྐྱེན་ལམ་དུ་སོང་བ་ནི་རྒྱ་གཞུང་གིས་བོད་མིར་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་སྲིད་བྱུས་ཀྱི་དངོས་ཡོད་གནས་སྟངས་དེ་ར་སྤྲོད་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་མི་གྲངས་ ༡༥ ༦ བྱུང་ཡོད། ཕྱི་ལོ་ ༢༠༡༥ ནང་ནག་ཆུ་རྫོང་ཁོངས་ནས་རང་ལོ་ ༢༦ ཡིན་པའི་ཤུར་མོ་ཞེས་པའི་བོད་མི་ཞིག་གིས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བས་འདས་གྲོངས་སུ་སོང་ཡོད། འོན་ཀྱང་རྒྱ་ནག་གི་གནས་ཚུལ་སྦེ་གསང་དང་བོད་མིའི་སྨྲ་བརྗོད་ རང་དབང་ལ་དམ་བསྒྲགས་ཆེ་བའི་རྐྱེན་གྱིས་ཁོང་གི་གནས་ཚུལ་ལོ་ལྔའི་རྗེས་ལ་མ་གཏོགས་རྒྱལ་སྤྱིའི་ཐོག་ཡོངས་གྲགས་ཐུབ་ མེད། དཔེ་མཚོན་དེ་དག་རྒྱུད་རྒྱ་གཞུང་དང་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྡོག་རོལ་གཏོང་གི་ཡོད་པ་ཁ་གསལ་ར་སྤྲོད་ཐུབ་ཀྱི་ཡོད།

ཕྱི་ལོ་ ༡༩༥༩ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཐོག་མར་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བཙུགས་པ་ནས་བཟུང་ད་བར་བོད་རིགས་བུད་མེད་ཚོས་བོད་པའི་ཆབ་སྲིད་ཀྱི་འཐབ་རྩོད་དང་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་སླད་རྒྱུན་མཐུད་དེ་སྐུ་ལས་སྐྱོན་ཡོད། བཙན་བྱོལ་ནང་དུ་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་བ་དང་རྒྱ་བསྐྱེད་བྱུང་སྟེ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་ཁོངས་སུ་ཚུད་པ་མ་ཟད་བཙན་བྱོལ་ནང་བོད་པ་བུད་མེད་ཀྱི་ཚོགས་པ་གཅིག་པུ་དེ་ཆགས་ཀྱི་ཡོད། བོད་པའི་བུད་མེད་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་ལ་གཅིག་མཚུངས་ཀྱི་གཞོགས་འདེགས་སྒྲུབ་རྒྱུའི་དམིགས་ཡུལ་གཙོ་ཆེར་བཟུང་བའི་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་པའི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་། སྤྱི་ཚོགས་ནང་སློབ་གསོའི་ལས་འགུལ། དཔེ་དེབ་དཔར་བསྐྲུན། ཤེས་ཡོན་གྱི་ལས་འཆར་སོགས་བཙན་བྱོལ་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བར་ལས་གཞི་འདྲ་མིན་སྤེལ་མུས་སུ་ཡོད། བུད་མེད་སྒེར་ལངས་ཐེངས་ ༦༢ དུས་དྲན་གྱི་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། རྒྱལ་སྤྱིའི་དབུ་འཁྲིད་པ་རྣམ་པ། རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་གཤམ་གསལ་དགོས་འདུན་ཁག་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

༡༽ ༧སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཡོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།

༢༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་སྡེ་ཚན་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དང་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་འོག་གློད་གྲོལ་གཏོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།

༣༽ ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཡང་སྲིད་ངོས་འཛིན་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལམ་ལུགས་ལ་རྒྱ་གཞུང་ནས་ཐེ་ཇུས་བྱེད་མི་ཆོག་པའི་ངོ་རྒོལ་ཡོང་བ་ཞུ།

༤༽ རྒྱ་ནག་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་མཐོར་གཏོང་དགོས་པའི་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ། ཞེས་བརྗོད་སོང་།

མཛད་སྒོ་གྲོལ་རྗེས། བོད་ཀྱི་བུད་མེད་གཙོས་པའི་བོད་མི་རྣམས་ཀྱིས་བཞུགས་སྒར་རྡ་ས་མེག་ལོ་གན་ཇི་ནས་རྡ་ཤོད་ཀཱ་ཅཱ་རིའི་བར་ཞི་བའི་གོམ་བགྲོད་གནང་སོང་། གོམ་བགྲོད་གནང་སྐབས། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས། བོད་ལ་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་གཏོང་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་ནང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་སོགས་ཀྱི་སྐད་འབོད་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།