13
Tue, Apr

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༡༠ཉིན། བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་དུས་དྲན་སྲུང་བརྩི་ཞུ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡ལོའི་ཟླ་༣ཚེས་༡༠ཉིན། རྡ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་གོ་སྒྲིག་འོག བོད་མི་ཚོས་ཞི་བའི་གོམ་བགྲོད་བརྒྱུད་ནས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེར། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་བཟོ་བའི་དམ་དྲག་ཅན་གྱི་སྲིད་ཇུས་དེ་དག་འཕྲལ་མར་མཚམས་འཇོག་དགོས། ཞེས་ཚོགས་པ་ལྔ་ཡིས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་རྡ་ས་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་རླུངས་འཁོར་འཇོག་གནས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༢་པ་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཚོགས་སོང་། དེའི་ཐོག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇི-ནེ་རི་ཡ(Ajit Nehria)། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ཕེབས་འདུག ད་དུང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་འགའ་མཉམ་ཞུགས་གནང་འདུག

མཛད་སྒོ་གྲོལ་རྗེས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་མེག་ལོ་གྷན་ཇི་ནས་རྡ་ཤོད་ཀཱ་ཅཱ་རིའི་བར་དུ་ཞི་བའི་གོམ་བགྲོད་གནང་སོང་། སྐབས་དེར། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་དབང་དགོས། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་སོགས་ཀྱི་སྐད་འབོད་གནང་སོང་།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་གསུམ་དུས་དྲན་ཐེངས་༦༢་ཐོག་གི་བསྒྲགས་གཏམ་ནང་དུ། དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་མ་སྐུལ་དང་བླངས་ཀྱི་ཐོག་ནས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༢ འཁོར་བའི་གལ་ཆེའི་ཉིན་མོ་ཞིག་ཆགས་ཡོད་པ་དང་། དེ་ཉིན་བོད་མི་ཚོས་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཅེས་ངོ་རྒོལ་གྱེན་ལངས་བྱས་པར་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་ཁྲི་སྟོང་མང་པོ་དམར་གསོད་བཏང་བར་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ཆགས་ཡོད། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལངས་བྱས་ཀྱང་རྒྱ་མིའི་ཕྱོགས་ནས་དེང་དུས་ཀྱི་གོ་མཚོན་སོགས་ཡོད་ཚད་བེད་སྤྱོད་བྱས་ཏེ་བོད་མིའི་ཐོག་ཕྱོགས་ཡོངས་ནས་དྲག་གནོན་བྱས་པར་བརྟེན། བོད་ཀྱི་ལོ་རྒྱུས་ཐོག་སྔར་མ་གྲགས་པའི་བོད་མི་མང་པོ་རྐྱེན་འདས་སུ་ཕྱིན་པ་དང་ ། དེ་ལས་མང་བ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཏེ་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་མྱོངས་སུ་བཅུག་ཡོད། དུས་དེ་ནས་བཟུང་མི་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་བོད་མི་ས་ཡ་གཅིག་ལྷག་ཙམ་དུས་མིན་གྱི་རྐྱེན་འདས་སོང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་སུ་གྱུར་བའི་དགོན་སྡེ་དྲུག་སྟོང་ལྷག་ཙམ་ལ་གཏོར་བཅོམ་བྱས་ཡོད་ཅིང་། དགོན་སྡེ་དེ་དག་གི་ནང་རིན་ཐང་བྲལ་བའི་ནང་པའི་སྐུ་གསུང་ཐུགས་རྟེན་སོགས་མང་པོ་ཞིག་མེ་ལ་བསྲེགས་པ་དང་ཆུ་ལ་བསྐུར་བ་སོགས་བྱས་ཏེ་འཇིག་རྟེན་མི་ཡུལ་ཐོག་བསམ་ཡུལ་ལས་འདས་པའི་ནག་ཉེས་ཚབས་ཆེན་བསགས་ཡོད། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉི་ཤུ་རྩ་གཅིག་གིས་སྣེ་འཁྲིད་དེ་ལྷ་སར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་ ། ཁོང་རྣམས་ཀྱིས་ྋགོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་ཐོག་འདོན་གནང་མཛད་པའི་གྲོས་འཆར་དེར་ཡོངས་སུ་མོས་མཐུན་ཡོད་པའི་རྣམ་འགྱུར་གསལ་སྟོན་མཛད་པ་མ་ཟད། ད་དུང་བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས་ཅེས་འབོད་ཚིག་བསྒྲགས་ཡོད། སྐབས་དེའི་ལས་འགུལ་ལ་རྒྱལ་སའི་སེར་སྐྱ་མི་མང་ནས་ཚད་མཐོའི་རྒྱབ་སྐྱོར་བྱས་ཏེ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། ལོ་དེའི་ཟླ་བ་ ༡༠ ཚེས་པའི་ ༡ ཉིན་སླར་ཡང་སེ་ར་དགོན་པའི་དགེ་འདུན་པས་སྣེ་འཁྲིད་ཀྱིས་ཞི་རྒོལ་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་ཡོད་པ་དང་། བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་དེ་དག་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པར་བརྟེན། བོད་མི་མང་པོ་ཞིག་འདས་གྲོངས་སུ་སོང་བ་དང༌། དེ་ལས་མང་བ་ཞིག་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད་ལོ་རབས་བརྒྱད་ཅུ་པའི་འགོ་སྟོད་དུ་བོད་ཐོག་འཛིན་པའི་ཅུང་ཟད་གུ་ཡངས་ཀྱི་སྲིད་ཇུས་དེ་དག་ཀྱང་ཡོངས་སུ་མཚམས་འཇོག་བྱས་པ་དང་ཆབས་ཅིག ལོ་རབས་དགུ་བཅུ་པ་ནས་བཟུང་རྒྱལ་གཅེས་ཆོས་གཅེས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཞེས་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་གསར་པ་ཞིག་ལག་ལེན་བྱས་པ་མ་ཟད། རིས་མེད་དགོན་སྡེ་ཁག་གི་ནང་རྒྱ་གཞུང་གི་ལས་བྱེད་པ་གཏན་སྡོད་བྱས་ཏེ་གྲྭ་བཙུན་རྣམས་དུས་རྟག་ཏུ་ཆབ་སྲིད་ལ་སློབ་སྦྱོང་བྱེད་དགོས་དང་། གྲྭ་བཙུན་གྱི་ཁ་གྲངས་ལ་ཚད་གཞི་བཟོ་བ། རིམ་བཞིན་དགོན་སྡེ་ཁག་དང་ ། ཐ་ན་གཞི་རིམ་མི་སེར་ཚོས་ཀྱང་སོ་སོའི་ཁྱིམ་ཚང་ནང་༧གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པའི་གཏན་འབེབས་བྱས་ཏེ། བོད་དེ་སླར་ཡང་རིག་གནས་གསར་བརྗེ་གཉིས་པ་བྱུང་བ་ལྟ་བུ་ཞིག་བཟོས་ཤིང༌།

དེ་ལྟ་བུའི་སྲིད་ཇུས་ཀྱི་གནས་སྟངས་འོག་བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སུ་གྱུར་ནས་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་དབུ་འཛུགས་ཀྱིས། བོད་ས་ཡོངས་སུ་ཁྱབ་པའི་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པ་དེ་བྱུང་བ་དང་ ། བོད་མིའི་ཞི་རྒོལ་གྱི་ཐོག་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བ་དང་ཚད་གཞི་མཐོ་བའི་དྲག་གནོན་བྱས་པ་དང་ཕྱི་ཕྱོགས་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱེད་པའི་བརྒྱུད་ལམ་ཡོད་ཚད་བཀག་པར་བརྟེན། བོད་མི་ཇི་ཙམ་དམར་གསོད་བཏང་བ་དང་། ཇི་ཙམ་འཛིན་བཟུང་བཙོན་འཇུག་བྱས་པ་ནི་སུས་ཀྱང་ཤེས་རྟོགས་དཀའ་བའི་གསང་བ་ཞིག་ཆགས་ཡོད། ཡ་ང་བའི་གནས་སྟངས་དེ་འདྲའི་འོག་ལ་ཡང་། བོད་མི་ཚོས་འཚེ་མེད་ཞི་བའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཡོད་པ་དང་། ད་བར་བོད་མི་ ༡༥༥ ཡིས་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད། བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་འདི་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཐ་ན་རྒྱ་ནག་གི་མ་འོངས་པའི་ལས་དབང་ལ་བསམ་གཞིགས་བྱེད་མཁན་གྱི་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོས་ཆེས་རྒྱ་ཁྱབ་ཀྱི་ཐོག་ནས་རྒྱབ་སྐྱོར་དང་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད་ལ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ད་ལྟའི་སྲིད་ཇུས་དེ་དག་ལ་འགྱུར་བ་གཏོང་དགོས་པ་མ་ཟད། གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོགས་ངེས་པར་དུ་སེལ་དགོས་པའི་འབོད་སྐུལ་ཡང་རབ་དང་རིམ་པ་ཞིག་བྱས་ཡོད།

ཡིན་ནའང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གཞི་རྩའི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་པ་མ་ཟད། སྔ་ལོ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བ་དེ་སྐོང་འཚོགས་བྱས་ཡོད་པ་དང་ ། རྒྱ་ནག་གཞུང་འབྲེལ་གྱིས་ཁྱབ་ བསྒྲགས་བྱས་པའི་ཚོགས་འདུའི་ནང་དོན་ལ་བལྟས་ན། བོད་ཐོག་འཛིན་པའི་ད་ལྟའི་དམ་དྲག་ཅན་གྱི་སྲིད་ཇུས་དེ་དག་མུ་མཐུད་ནས་ལག་ལེན་བྱ་རྒྱུ་མ་ཟད། ད་དུང་རིས་མེད་དགོན་སྡེ་ཁག་དང་ ། སློབ་གྲྭ་ཁག ཐ་ན་གཞི་རིམ་སྤྱི་ཚོགས་ཀྱི་ཁྲོད་དུའང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང༌། ཆབ་སྲིད། ལོ་རྒྱུས་སོགས་ལ་སློབ་སྦྱོང་སྤྲོད་དགོས་པ་དང་། བོད་མི་ཚང་མས་རྒྱ་ཡིག་སློབ་སྦྱོང་བྱས་ཏེ་བོད་ཀྱི་སྐད་ཡིག་གི་ནུས་པ་ཉམས་ཞན་དུ་གཏོང་བ་སོགས་གོམ་པ་རིམ་བགྲོད་ལ་བརྟེན་ནས། ཆོས་དང་རིག་གཞུང་གིས་ཕྱུག་པའི་རླབས་ཆེན་གྱི་མི་རིགས་ཤིག་འཛམ་བུའི་གླིང་འདིའི་ཐོག་ནས་རྩ་མེད་གཏོང་བཞིན་ཡོད་པ་དང་ ། བོད་མིའི་ཐོག་དྲག་གནོན་བྱེད་པའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་སྟེ། དཔེར་ན། ཉེ་བའི་ཆར་བོད་ནག་ཆུ་འབྲི་རུ་རྫོང་གཅིག་པུའི་ནང་བོད་མི་ ༦༠༠ ལྷག་ཙམ་བཙོན་ཁང་ནང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་རིང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་ཐུན་མོང་གི་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་འབོད་སྐུལ་ཞུ་རྒྱུར། རྒྱ་ནག་གཞུང་གིས་ད་ལྟ་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་བཟོ་བའི་དམ་དྲག་ཅན་གྱི་སྲིད་ཇུས་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་དང་ ། ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་ནན་པོར་ཞུ་བཞིན་ཡོད་ལ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་ངོས་ནས་མུ་མཐུད་ནས་འཐབ་རྩོད་མཐའ་འཁྱོངས་བྱ་རྒྱུའི་དམ་བཅའ་དང་བཅས།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ ། བོད་ དོན་བདེན་མཐའ་མྱུར་དུ་གས ལ་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་སྐྱིད་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཞེས་འཁོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།