16
Sat, Jan

༢༠༢༠་ལོའི་ཟླ་༡༢་ཚེས་༡༠་ཉིན། ༸གོང་ས་མཆོག་གིས་བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་ནས་གསུང་ཆོས་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༡༠་ཉིན། རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཀྱི་ཉིན་མོར། ༸གོང་ས་མཆོག་གིས་བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་ནས། བོད་ནང་གི་བོད་མི་ཚོས་ངོས་ལ་ཡིད་ཆེས་དང་དད་པ་ཤིན་ཏུ་བྱེད་ཅིང་། ངོས་རང་བོད་མི་རྣམས་ཀྱི་བླ་སྲོག་སྟེ། དད་མོས་འཛིན་མཁན་དེ་ཆགས་ཡོད་དུས། ཁོ་ཚོར་བསམ་བློ་བཏང་ན་ངོས་ཚེ་རིང་པོར་འདུག་དགོས་བསམ་པ་བྱུང་། ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་སྡོད་རྒྱུ་གཏན་ཁེལ་འདྲ་འདུག ངོས་ཀྱིས་རྟག་པར་སྨོན་ལམ་འདེབས་བཞིན་ཡོད། ཁྱོད་ཚོས་ཀྱང་དེ་ལྟར་སྨོན་ལམ་བརྒྱབ་ཤོག ཅེས་གསུངས་སོང་།

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ བཀའ་ཆོས་གནང་སོང་།

དང་ཐོག མགོན་པོ་གང་ཉིད་ཀྱིས་གསུང་དོན། དེ་རིང་ནི་དགའ་ལྡན་ལྔ་མཆོད་ཅེས་ཡོངས་གྲགས་སུ་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། ཐེངས་ཤིག་ རྒྱ་གར་ལྷོ་ཕྱོགས་སུ་དགའ་ལྡན་དགོན་པ་དགའ་ལྡན་ལྔ་མཆོད་ཚོགས་རྒྱུ་བྱུང་བར་ཧ་ཅང་བསྐལ་བ་བཟང་པོ་བྱུང་། ད་ལྟར་ནད་ཡོམས་རྐྱེན་གྱིས་ཕར་ཚུར་འགྲོ་རྒྱུ་དཀའ་ངལ་འཕྲད་ཀྱང་། དྲ་རྒྱ་བརྒྱུད་ནས་འབྲེལ་བ་བྱེད་ཐུབ་ཀྱི་ཡོད། དེ་རིང་ང་ཚོས་རྗེ་རིན་པོ་ཆེ་དགོངས་རྫོགས་ཀྱི་ཉིན་མོ་སྲུང་བརྩི་བྱས་ནས་ཁོང་ལ་རྗེས་དྲན་བྱེད་ཀྱི་ཡོད། ཅེས་གསུངས།

ཡང་༸གོང་ས་མཆོག་གིས། བོད་གངས་ཅན་ལྗོངས་སུ་མཁས་པའི་དབང་པོ་མང་པོ་བྱུང་ཡོད། བསམ་གྱིས་མི་ཁྱབ་པ་རེད། དེའི་ནང་ནས་རྗེ་རིན་པོ་ཆེ་མཆོག་གི་གསུང་ནི་དཀའ་གནད་ལ་དཔྱད་པ་མང་པོ་དང་དེ་ཙམ་གྱི་དཀའ་གནད་མེད་པའི་གནས་ལ་སྤམ་བཤད་གནང་ཞིང་། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་རྗེ་རིན་པོ་ཆེ་མཆོག་གིས་སྔོན་ལ་ལྷག་མཐོང་ཆེན་པོ་དང་། དེ་ནས་ལྷག་མཐོང་ཆུང་ངུ་། རྩ་འཇུག་གི་རྣམ་བཤད་གཉིས། དེ་ནས་ལེགས་བཤད་སྙིང་པོ་བཅས་གཞུང་འདི་ལྔ་པོ་ནི། དབུ་མའི་ལྟ་བའི་འགྲེལ་བཤད་གཏིང་ཟབ་པོ་དང་སྤུས་དག་པོ་འདུག ངོས་ཀྱིས་ཉིན་རྟག་པར་དབུ་མ་འཇུག་པའི་ཚིག་འདི་འདོན་བཞིན་ཡོད་དེ།
གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། ། དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །
སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །
གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། ། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །
གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། ། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །
དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །
རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། ། ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །

དེ་ཡང་རྗེ་རིན་པོ་ཆེའི་ལེགས་བཤད་སྙིང་པོའི་མཇུག་ཏུ་སྡོམ་བརྒྱབ་ནས་འདི་ལྟར་གསུངས་ཏེ།
འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུ་ཐལ་བ། ཐ་སྙད་ལྡན་པ་རིགས་པའི་དཔྱད་བཟོད་དུ་ཐལ་བ།
དོན་དམ་པའི་སྐྱེ་བ་མི་ཁེགས་པའི་ཐལ་བ། ཆོས་རྣམས་རང་སྟོང་དུ་མི་འཐད་པའི་ཐལ་བ།

ངོས་ཀྱིས་འདི་ཉིན་རྟག་པར་བསམ་བློ་གཏོང་གི་ཡོད། རྗེ་རིན་པོ་ཆེ་ཡིས་དངོས་གནས་དྲང་གནས་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་དང་། དཔལ་ལྡན་ཟླ་བ་གྲགས་པ་ཐུན་མོང་མི་ཡིན་པའི་བཞེད་ཚུལ་དེ་དག་གསལ་པོར་གསུངས་འདུག དེར་བརྟེན། དེ་རིང་རྗེ་རིན་པོ་ཆེའི་རྗེས་དྲན་ཉིན་ལ་ཁོང་གི་གསུང་རྣམས་ང་ཚོའི་སེམས་ལ་ཤར་བ་བྱེད་དགོས། ཞེས་བཀའ་སྩལ།

དེའི་རྗེས་ནས། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་གནང་སོང་།

མཐའ་མར། དྲི་བ་དྲིས་ལན་གྱི་སྐབས་སུ། ༸གོང་ས་མཆོག་གིས་གསུང་དོན། དེང་སང་བརྙན་འཕྲིན་ནང་ནས་ལྷ་སའི་ལོ་རྒྱུས་ཐད་ཀར་སྟོན་མཁན་ཞིག་འདུག ངོས་ཀྱིས་དེ་མཐོང་ཡོང་དུས། བོད་ནང་གི་མི་རྣམས་ཀྱིས་ངོས་ལ་ཡིད་ཆེས་དང་དད་པ་ཤིན་ཏུ་བྱེད་ཅིང་། ངོས་རང་བོད་མི་རྣམས་ཀྱི་བླ་སྲོག་སྟེ། དད་མོས་འཛིན་མཁན་དེ་ཆགས་ཡོད་དུས། ཁོ་ཚོར་བསམ་བློ་བཏང་ན་ངོས་རང་ཚེ་རིང་པོར་འདུག་དགོས་བསམ་པ་བྱུང་སོང་།

འདི་ཕྱོགས་སུ་ངོས་ཀྱི་མིང་ཐོག་ནས་བོད་ཀྱི་སངས་རྒྱས་བསྟན་པ་དང་རིག་གཞུང་ལ་ཕན་ཐོགས་ཀྱི་ཡོད། དང་ཐོག་ང་ཚོར་རྒྱ་གར་ལ་སླེབས་དུས། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་དེ་ཙམ་ཡོད་མ་རེད། དེའི་རྗེས། ངོས་ཀྱི་ངོས་ནས་ཟབ་རྒྱས་ཀྱི་གནད་བསྟན་པའི་སངས་རྒྱས་ཀྱི་བསྟན་པའི་གོ་རྟོགས་ཕྲན་ཙམ་ཡོང་བར་ཞབས་འདེགས་གང་མཚམས་བསྒྲུབས་ཡོད། དེར་བརྟེན། ངོས་ཀྱི་ཚེ་ཇི་ལྟར་རིང་པོ་དང་ལོ་བརྒྱ་ཕྲག་ལྷག་གནས་ཐུབ་ན་ཕན་ཐོགས་འདུག་བསམས་ནས་ཤུགས་སེམས་སྐྱེད་ནས་བསྡད་ཡོད། དེ་བཞིན་ལུང་བསྟན་ཞིག་གི་ནང་དུའང་ངོས་རང་ལོ་བརྒྱ་དང་བཅུ་གསུམ་གནས་པའི་སྐོར་བསྟན་འདུག བོད་ཀྱི་སངས་རྒྱས་བསྟན་པ་དང་ཆོས་དང་རིག་གཞུང་ཡུན་གནས་ཡོང་བའི་ཐད་ནས། ངོས་རང་ཚེ་རིང་པོར་སྡོད་པར་འབྲེལ་བ་ཤུགས་ཆེན་པོ་འདུག་སྟབས། ཕལ་ཆེན་ལོ་བརྒྱ་དང་བཅུ་གྲངས་སྡོད་རྒྱུ་གཏན་ཁེལ་འདྲ་འདུག ངོས་ཀྱིས་རྟག་པར་སྨོན་ལམ་འདེབས་བཞིན་ཡོད། ཁྱོད་ཚོས་ཀྱང་སྨོན་ལམ་བརྒྱབ་ཤོག་ཅེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།