16
Sat, Jan

༢༠༢༠་ལོའི་ཟླ་༡༢་ཚེས་༥་ཉིན། དཔེ་དེབ་དབུ་འབྱེད་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༥ཉིན། བཞུགས་སྒར་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་པའི་ <<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་པའི་དཔེ་དེབ་སྟོད་སྨད་ཅན་ཞིག་དབུ་འབྱེད་གནང་སོང་།

དེ་ཡང་། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཐོག ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གཉིས་ཀྱིས་བརྙན་ཐུང་བརྒྱུད་ནས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་སོང་། དེའི་རྗེས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་དང་། སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུའི་དྲུང་ཡིག་འབྲིང་བ་འཇིགས་མེད་ལགས། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་བཅས་ཀྱིས་དཔེ་དེབ་དངོས་སུ་དབུ་འབྱེད་གནང་སོང་། དེ་ནས་ཁོང་གསུམ་གྱིས་རིམ་པས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་སོང་།

དཔེ་དེབ་འདིའི་ནང་དོན་གཙོ་བོ་ཁག་ནི། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ནང་གི་གླེང་སློང་དང་གནད་འགག་གཉིས་ཀ་ཆེ་བའི་གནད་དོན་རྣམས་དང་།༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་(1738 - 1780)ཀྱི་སྐུ་དུས་སུ་དབྱིན་ཇིས་བཀྲ་ཤིས་ལྷུན་པོའི་ཕྱོགས་སུ་འབྲེལ་བ་ཐོག་མར་བྱས་པ་ནས་བརྩམས་ཏེ། གཙོ་བོ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་ཆེན་པོའི་སྐུ་དུས་ཀྱི་བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་བྱུང་བ་གནད་ཅན་སོགས་བསྡུས་ཡོད་འདུག

དཔེ་དེབ་འདི་ནི་ཉམས་ཞིབ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་༢༠༡༩་ལོའི་ཟླ་༡༡་པའི་ནང་དུ་འབྲི་མགོ་བརྩམས་ཡོད་འདུག་པ་དང་། ཡིག་ཆ་གསར་རྙིང་གཉིས་དང་། བོད་ཡིག་དང་དབྱིན་ཡིག་ནང་བྲིས་པའི་དཔེ་དེབ་སྣ་ཚོགས། བཀའ་སློབ་དང་གསུང་བཤད་ཅི་རིགས། མི་རྒན་ལ་རྣམས་དྲི་བ་དྲིས་ལན་ཞུས་པའི་བཅར་འདྲི་སོགས་ཏེ། མདོར་ན། དཔྱད་གཞི་མི་འདྲ་བ་ ༢༠༠ ལྷག་ལ་དབྱེ་ཞིབ་བྱས་ཏེ་དེང་རབས་ཞིབ་འཇུག་གི་ལམ་ནས་བྲིས་པའི་དཔེ་དེབ་སྟོད་སྨད་འདི་གཉིས་ལ་ཤོག་ངོས་ ༡༢༠༠ ལྷག་ཡོད་ཅིང་། ཤོག་བུའི་གཤམ་དུ་ཡང་མཆན་ ༡༣༧༠ ལྷག་བཀོད་ཡོད་འདུག

<<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་པའི་དཔེ་དེབ་སྟོད་སྨད་གཉིས་ལ་མཐུན་རྐྱེན་སྦྱོར་མཁན་གཙོ་བོ་ནི། སྒྱིལ་ཚང་བ་ལྷ་བྲིས་སྐལ་བཟང་དམ་ཆོས་དང༌། ཧོར་གཙང་བ་ནམ་མཁའ་བསྟན་འཛིན། སྣང་ར་བ་རྟ་བྷེ་བཅས་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།