25
Mon, Jan

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༡་ཚེས་༡༠་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་ཆེད། སླར་ཡང་ཨ་རི་ལ་ཕེབས་འཆར་ཡོད་སྐོར་དང་། ཨ་རིར་བཞུགས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཨ་རི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཁང་(Senate Foreign relations Committee) ལ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བར་ཞུ་ཡིག་དང་འབོད་སྐུལ་གནང་རོགས། ཞེས་གསུངས་སོང་།

དེ་ཡང་། གོས་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢:༢༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། ཐོག་མར་སྲིད་སྐྱོང་མཆོག་གིས་སྲིད་འཛིན་ཊོམ་གྱི་སྐབས་སུ་བོད་དོན་དང་འབྲེལ་བའི་ལས་དོན་གང་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སྲིད་འཛིན་གསར་པ་ཇོར་བྷ་ཌན་གྱིས་ཀྱང་འོས་བསྡུའི་སྐབས་སུ་༸གོང་ས་མཆོག་ལ་མཇལ་རྒྱུ་ཡིན་སྐོར་དང་བོད་དོན་ལ་ཐུགས་ཁུར་གནང་རྒྱུའི་སྐོར་ཡང་གསུངས་ཡོད། ཅེས་གསུངས་ཏེ། སྲིད་འཛིན་རྣམ་གཉིས་ལ་ཐུགས་རྗེ་ཆེ་དང་འཚམས་འདྲིའི་གསུང་བཤད་གནང་སོང་།

གཞན་ཡང་། ཉེ་སྔོན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིར་ཕེབས་དོན་སྐོར་གསུང་དོན། ཉེ་འཆར་ཨ་རིར་ཕྱིན་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བྱས་ནས་གཞུང་འབྲེལ་ཐོག་ཕེབས་ཐུབ་པ་བྱུང་ཡོད་པ་ནི་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་བ་ཞིག་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ད་ལྟར་ཨ་རི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཁང་(Senate Foreign relations Committee)ནང་དུ་དགག་ཡོད། ཕྱི་ཟླ་ ༡༢ ནང་ཚུད་ལ་ཨ་རི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཁང་གི་ཚོང་འབྲེལ་གྱི་ཐོག་ནས་ཚོགས་འདུ་འཚོགས་རྒྱུའི་རེ་བ་དང་ཕྱོགས་མཚུངས་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་དེ་ཡང་སླེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན། བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཆེད་། ཨ་རིར་བཞུགས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཁང་ལ་ཞུ་ཡིག་དང་འབོད་སྐུལ་གནང་ནས་ཤུགས་སྣོན་རྒྱག་རོགས། ༢༠༢༡་ལོའི་ཟླ་༡ཚེས་༢༠བར་། སྲིད་འཛིན་ཊོམ་དང་གྲོས་ཚོགས་འཐུས་མི་རྙིང་པ་རང་འཇགས་ཡིན་ཕྱིར་གོ་སྐབས་ཤིག་འདུག ཚང་མས་འབད་བརྩོན་གནང་རོགས། ཞེས་ཨ་རིའི་བོད་མི་ཚོར་འབོད་སྐུལ་གནང་སོང་།

གསར་འགོད་གསལ་བསྒྲགས་ཀྱི་མཐའ་མ་དེར། རྒྱ་གར་ནང་གི་བོད་མིའི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་ཏོག་ནད་ཀྱི་གནས་སྟངས་ཇེ་སྡུག་དང་ཉེན་ཚབས་ཆེ་རུ་འགྲོ་བཞིན་པ་དང་། ཁྱད་པར་དུ་ལྷོ་ཕྱོགས་མོན་གྷོ་དང་། སྦེལ་ཀོབ། དེ་བཞིན་ལ་དྭགས་དང་། སུ་ཇཱ། ཅོན་ཏུ་ར་བཅས་སུ་ནད་པ་ཇེ་མང་དུ་འགྲོ་བཞིན་པར་བརྟེན། བོད་མི་ཀུན་གྱིས་གཟབ་ནན་བྱེད་དགོས་པའི་ལམ་སྟོན་དང་འབོད་སྐུལ་ཡང་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།