13
Tue, Apr

བཀྲ་ཤིས་རྒྱལ་ལགས་ཁྲིམས་ཁང་དུ་ཁྲིམས་ཐག་གཅོད་སྐབས། པར། ཝེ་ཆན་ཝང་།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༣ཉིན་སྤེལ། བོད་མདོ་སྨད་མཚོ་སྔོན་རྨ་ཆེན་རྫོང་ནས་ཡིན་པའི་བཀྲ་ཤིས་རྒྱལ་ལགས་ཀྱིས་སྐད་འཕྲིན་ནང་༸གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གི་འདྲ་པར་བརྒྱུད་སྐུལ་བྱས་པར་བརྟེན། རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་གཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག 

དེ་ཡང་། ཟླ་འདིའི་ཚེས་༡༨ཉིན། ཝེ་ཆུན་དྲ་རྒྱ་(Weiquanwang)ཞེས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གནས་ཚུལ་སྤེལ་བའི་དྲ་རྒྱ་ཞིག་གི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༢༠་ཟླ་༡༠་ཚེས་༡༣ཉིན། མཚོ་སྔོན་རྨ་ཆེན་རྫོང་འབྲིང་རིམ་ཁྲིམས་ཁང་ཟེར་བ་ཞིག་གིས་བོད་མི་བཀྲ་ཤིས་རྒྱལ་ལགས་ལ་རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་གཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་གིས་སྐད་འཕྲིན་ནང་དུ་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་བརྒྱུད་སྤེལ་དང་། བོད་ཀྱི་རྒྱལ་དར་དང་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གི་འདྲ་པར་ཕབ་ལེན་དང་བརྒྱུད་སྤེལ་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པར་འགྲེལ་བརྗོད་བྱས་འདུག

གནས་ཚུལ་དེར་ལྟར་ན། ཕྱི་ལོ་༢༠༢༠་ལོའི་ཟླ་༥་ཚེས་༡༦ཉིན། ས་གནས་ཉེན་རྟོག་པས་བཀྲ་ཤིས་རྒྱལ་ལགས་ཉེན་རྟོག་ཁང་དུ་སྐད་བཏང་ནས་འདྲི་རྩད་བྱས་ཡོད་འདུག དང་ཐོག་ཉིན་བཅོ་ལྔ་རིང་བཀག་ཉར་བྱ་རྒྱུ་ཡིན་པར་ཐག་བཅད་ཡོད་ཀྱང་། ཉེན་རྟོག་པས་ཁོང་མུ་མཐུད་ནས་བཀག་ཉར་བྱས་འདུག ཕྱི་ལོ་༢༠༢༠་ཟླ་༦་ཚེས་༡༢ཉིན། དངོས་སུ་འཛིན་བཟུང་བྱས་པའི་བཀའ་བཏང་ཡོད་འདུག དེ་ནས་ཕྱི་ལོ་༢༠༢༠་ཟླ་༡༠་ཚེས་༡༣ཉིན། ཁོང་ལ་རྒྱལ་ཁབ་ཁ་བྲལ་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་ཁ་པར་ཡང་གཞུང་བཞེས་བཏང་ཡོད་འདུག སྤྱི་ལོ་༢༠༢༡་ཟླ་༥་ཚེས་༣༠ཉིན་བཙོན་གྲོལ་ཐོབ་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་འདུག

དེ་ཡང་། རྨ་ཆེན་རྫོང་འབྲིང་རིམ་ཁྲིམས་ཁང་ཟེར་བ་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༥ དང་ ༡༩ ཉིན་དང་། ལོ་དེའི་ཟླ་༡༠་ཚེས་༡༢་དང་ཚེས་༡༤་ཉིན་བཅས་ལ། བཀྲ་ཤིས་རྒྱལ་གྱིས་རང་གི་གྲོགས་པོར་༸གོང་ས་མཆོག་གི་སྐུ་པར་བཞི་སྐད་འཕྲིན་བརྒྱུད་ནས་སྐུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན། བཀྲ་ཤིས་རྒྱལ་གྱིས་བོད་ཀྱི་རྒྱལ་དར་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་འདྲ་པར་སྐད་འཕྲིན་རྒྱབ་ངོས་སུ་བཞག་པར་གྲོགས་པོ་རྣམས་ཀྱིས་དགའ་རྟགས་ཐོབ་པ་དང་མཆན་བཀོད་ཡོད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་༡ཉིན། སྐད་འཕྲིན་ནང་དུ་གྲོགས་པོར་བོད་རང་བཙན་ནང་དོན་ཡོད་པའི་ལོ་གསར་འཚམས་འདྲིའི་བརྙན་ཐུང་ཅིག་བརྒྱུད་སྐུལ་བྱས་ཡོད་འདུག ཕྱི་ལོ་༢༠༡༥་ཟླ་༡༡་ཚེས་༢ཉིན། བཀྲ་ཤིས་རྒྱལ་གྱིས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་། ༸གོང་ས་མཆོག་བོད་དུ་ཕྱིར་ལོག་ཕེབས་པའི་རེ་སྒུག་བྱེད་བཞིན་ཡོད་པ་དང་། ༸གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒ་མཆོག་ཡོད་པའི་བརྙན་པར་བརྒྱུད་སྐུལ་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

དེར་བརྟེན། ཕྱི་ལོ་༢༠༢༠་ཟླ་༦་ཚེས་༡༢ཉིན། རྒྱ་གཞུང་གིས་བཀྲ་ཤིས་རྒྱལ་ལགས་དངོས་སུ་འཛིན་བཟུང་དང་། ལོ་དེའི་ཟླ་༡༠་ཚེས་༡༣ཉིན། ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བཀྲ་ཤིས་རྒྱལ་ལགས་ནི་ཕྱི་ལོ་༡༩༧༠ ཟླ་ ༥ ཚེས་ ༢༤ ཉིན་སྐྱེས་ཡོད་པ་དང་། བོད་མདོ་སྨད་མཚོ་སྔོན་རྨ་ཆེན་རྫོང་ཁོངས་ཀྱི་འབྲོག་མི་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ཁོང་འཛིན་བཟུང་མ་བྱས་གོང་རྨ་ཆེན་རྫོང་རཱ་རྒྱ་གྲོང་རྡལ་ཁོངས་སུ་གནས་སྡོད་བྱས་ཡོད་འདུག 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།