13
Tue, Apr

བོད་ཁམས་འབྲི་རུ་རྫོང་གི་དཀོན་མཆོག་སྦྱིན་པ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༡ལོའི་ཟླ་༢་ཚེས་༡༧ཉིན་སྤེལ། བོད་ཁམས་འབྲི་རུ་རྫོང་གི་དཀོན་མཆོག་སྦྱིན་པ་ལགས་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་བྱས་ནས་ལོ་མང་རིང་བཙོན་འཇུག་དང་མནར་གཅོད་བཏང་ནས་ཉེ་སྔོན་ལྷ་སའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་འདུག

དེ་ཡང་། ཟླ་འདིའི་ཚེས་༧ཉིན། བོད་ནས་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་ལྟར་ན། བོད་ཁམས་ཕྱོགས་ཀྱི་ནགས་ཤོད་འབྲི་རུ་རྫོང་ཆགས་རྩེ་གྲོང་སྡེ་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ལགས་རྒྱ་གཞུང་གི་ཉེན་རྟོག་པས་གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་རྐྱེན། ལྷ་སའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱས་ཡོད་ཀྱང་དྲག་བསྐྱེད་བྱུང་མ་ཐུབ་པར་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་འདུག

བོད་མི་ཡར་དར་ལགས་ཀྱིས་འདི་ག་གསར་ཁང་ལ་བརྗོད་དོན། དཀོན་མཆོག་སྦྱིན་པ་ལགས་ནི་ཕྱི་ལོ་༢༠༡༣ལོའི་ཟླ་༡༡་ཚེས་༨ཉིན། གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ལོ་ཉི་ཤུ་རྩ་གཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་བཙོན་དུ་བསྡད་རིང་ལ་རྒྱ་གཞུང་ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བར་བརྟེན། གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཏེ། ཕྱི་ལོ་༢༠༢༠་ལོའི་ཟླ་༡༡་གི་ནང་དུ་ཉེན་རྟོག་པས་གསང་བའི་ངང་ལྷ་སའི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་འདུག འདི་ལོའི་ཟླ་༡་ཚེས་༢༩ཉིན། རྒྱ་གཞུང་ཉེན་རྟོག་པས་དཀོན་མཆོག་སྦྱིན་པ་ལགས་སྨན་ཁང་དུ་ཛ་དྲག་གི་མྱུར་སྐྱོབ་བྱེད་ཀྱིན་ཡོད་པས་བོད་མི་དྲུག་གི་ཁྲག་སྤྲོད་དགོས་སྐོར་བཤད་ཡོད་པར་བརྟེན། བོད་མི་ཁ་ཤས་ཁྲག་སྤྲོད་དུ་ཕྱིན་ཡོད་ནའང་ཕྱི་ནས་མི་གཞན་པ་བརྒྱུད་ནས་ཁྲག་སྤྲད་དགོས་པ་ལས་དངོས་སུ་དཀོན་མཆོག་སྦྱིན་པ་ལགས་ལ་ཐུག་བཅུག་མི་འདུག དེ་ལྟར་ཕྱི་ནས་མི་གཞན་པ་བརྒྱུད་དེ་ཁྲག་སྤྲད་ཡོད་ཀྱང་ནང་དུ་གནས་སྟངས་ག་འདྲ་ཡིན་མིན་མ་ཤེས་པར་གང་འཚམས་ལྷག་ཡོད་པ་དང་། དེའི་རྗེས། མི་ཁ་ཤས་དཀོན་མཆོག་སྦྱིན་པ་ལགས་ལ་ཐུག་བཅུག་ཡོད་ཀྱང་། ཁོང་གི་ཀླད་ཁྲག་འདྲེས་ནས་གཟུགས་པོ་ཡོངས་འགུལ་རྒྱུ་མེད་པར་ཆགས་ཟིན་ཡོད་འདུག དེར་བརྟེན། ༢༠༢༡ ཟླ་བ་༢་ཚེས་༦ གཟའ་སྤེན་པའི་ཉིན་སྨན་ཁང་དེར་སྐུ་གྲོངས་ཡོད་འདུག

ཁོང་གིས་མུ་མཐུད་ནས་འགྲེལ་བརྗོད་གནང་དོན། དཀོན་མཆོག་སྦྱིན་པ་ལགས་ཀྱི་ཕའི་མིང་ལ་བསོད་ནམས་དབང་ལྡན་དང་། མའི་མིང་ལ་པད་ལྷ་ཟེར། ཁོང་ནི་ཆུང་དུས་ནས་གྲྭ་བ་བྱས་ཤིང་འགོམ་དགོན་གསར་ཆོས་འཁོར་བྱམས་པ་གླིང་དུ་ཆོས་སྒོར་བཞུགས་མྱོང་བ་དང་། ཕྱི་ལོ་༡༩༨༩་ཟླ་༡༠ པའི་ནང་ལ་བལ་ཡུལ་བརྒྱུད་རྒྱ་གར་དུ་འབྱོར་ཡོད་པ་དང་། ཕྱི་ལོ་༡༩༨༩་ཟླ་༡༠ ཚེས་༢༠ ལ་འབྲི་གུང་སྐྱབས་མགོན་གྱི་དགོན་པ་འབྲི་གུང་བཀའ་བརྒྱུད་བྱེས་ཀྱི་གདན་ས་བྱང་ཆུབ་གླིང་དུ་སློབ་གཉེར་གནང་མྱོང་ཡོད་འདུག ཕྱི་ལོ་༡༩༩༡་ཟླ་༤ པའི་ནང་དུ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཞུགས་ཡོད་པ་དང་། ཕྱི་ལོ་༡༩༩༦ ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་ཐོན་ཏེ། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་མྱོང་ཡོད་འདུག ཕྱི་ལོ་༡༩༩༨ ཙམ་ལ་ཕྱིར་བོད་དུ་ལོག་ཡོད་འདུག

ཁོང་གིས་དབྱིན་སྐད་དང་། རྒྱ་གར་གྱི་སྐད་ཡིག རྒྱ་ཡིག་བོད་ཡིག་བཅས་སྐད་ཡིག་བཞི་ལ་བྱང་ཆུབ་པ་ཡོད་མཁན་ཞིག་ཡིན་ཕྱིར། ཕ་ཡུལ་དུ་ཡུལ་སྐོར་སྣེ་ཤན་པའི་ལས་ཀ་བྱས་ཡོད་འདུག རྒྱུན་དུ་ཕ་ཡུལ་མི་མང་ལ་བོད་མི་ཚོས་མཐུན་སྒྲིལ་གནང་རྒྱུ་དང་། སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་སྐོར་སོགས་སློབ་གསོ་གནང་མཁན་ཞིག་ཡིན་སྟབས། འབྲི་རུ་རྫོང་གི་ས་གནས་མི་མང་གིས་དད་གུས་དང་ཡིད་ཆེས་ཚད་མཐོ་བྱེད་ས་ཞིག་ཡིན་འདུག

བོད་དུ་ཕྱིར་ལོག་རྗེས་སླར་ཡང་ཁོང་རྒྱ་གར་དུ་ཐེངས་ཁ་ཤས་སླེབས་མྱོང་ཡོད་འདུག འོན་ཀྱང་། ཕྱི་ལོ་༢༠༡༢་ལོ་ནི་ཁོང་རྒྱ་གར་དུ་འབྱོར་ཐེངས་མཐའ་མ་དེ་ཡིན་འདུག་པ་དང་། རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་རུ་སླེབས་ཡོད་འདུག གཞན་ཡང་། ཁོང་གི་སྐད་ཆ་མཐའ་མ་དེ་ནི་ཕྱི་ལོ་༢༠༡༣་ལོའི་ཟླ་༤ པའི་ནང་དུ་བཙན་བྱོལ་དུ་ཡོད་པའི་ཁོང་གི་ཕ་ཡུལ་གཅིག་པ་འགའ་ཞིག་པ་བཤད་ཡོད་འདུག སྐབས་དེར་ཁོང་གིས་འདི་ལྟར་བརྗོད་དོན། ད་ལྟ་ང་ཆུ་ཁ་ཞིག་ལ་ཡོད། ངའི་རྒྱབ་ཏུ་སོ་མྱུལ་བྱེད་མཁན་མང་པོ་འདུག་པས་ང་མགྱོགས་པོར་འཛིན་བཟུང་བྱ་རྒྱུ་གཏན་ཁེལ་རེད། ང་འཛིན་བཟུང་བྱས་ཀྱང་སྐྲག་རྒྱུ་དང་བསད་རུང་འགྱོད་པ་མེད། ཡིན་ནའང་དེ་རིང་ནས་ངས་གནས་ཚུལ་ཕལ་ཆེར་སྤྲོད་ཐུབ་རྒྱུ་མ་རེད། ང་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད་ན་འཛིན་བཟུང་བྱས་པའི་རྟགས་རེད། ཅེས་བརྗོད་འདུག

དཀོན་མཆོག་སྦྱིན་པ་ལགས་ནི། ༢༠༡༣ ལོར་འབྲི་རུ་རྫོང་གི་གནས་རི་ནགས་ལྷ་འཛམ་བྷ་གཏེར་ཁ་སྔོག་འདོན་བྱེད་སར་མི་མང་གིས་ལས་འགུལ་སྤེལ་བཞིན་ཡོད་སྐོར་དང་། དེའི་རྗེས་སུ་མི་སུ་དང་སུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་མེད། ས་གནས་ལ་ཛ་དྲག་ག་འདྲ་ཆགས་ཡོད་མེད་ཀྱི་འདྲ་པར་དང་བཅས་པའི་གནས་ཚུལ་ཕྱི་ལོག་ཏུ་མཁོ་སྤྲོད་བྱེད་མཁན་གྱི་རྒྱལ་གཅེས་དཔའ་བོ་ཞིག་ཡིན་འདུག་ལ། དེའི་སྐབས་ཀྱི་འབྲི་རུ་རྫོང་གི་ཛ་དྲག་གནས་ཚུལ་མང་པོ་ཞིག་གསར་ཁང་སྦི་སྦི་སི(BBC)སོགས་ལའང་དངོས་བརྒྱུད་གཉིས་ཀྱི་ལམ་ནས་སྤྲད་ཡོད་འདུག ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་འབྲི་རུ་རྫོང་གི་ཛ་དྲག་གི་གནས་སྟངས་ཕྱིར་གོ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།