16
Sat, Jan

ལྷུན་གྲུབ་རྡོ་རྒྱས་ལགས་འདྲི་གཅོད་བྱེད་སྐབས། པར། ཝེ་ཆུན་དྲ་རྒྱ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༢༦་ཉིན་སྤེལ། བོད་མདོ་སྨད་རྨ་ཆེན་རྫོང་ནས་ཡིན་པའི་བོད་མི་ཞིག་གིས་དྲ་ལམ་ནས་༸གོང་ས་མཆོག་གི་བཀའ་སློབ་དང་། བོད་རང་བཙན་གྱི་པར་རིས་རྒྱུད་སྤེལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་སྣར་ལོ་གསར་འཚམས་འདྲི་བྱས་པ་བཅས་ལ་བརྟེན་ནས། རྒྱ་གཞུང་གིས་ཁོང་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་འདུག

དེ་ཡང་། ཟླ་འདི་ཚེས་༢༣ཉིན། ཝེ་ཆུན་དྲ་རྒྱ་(Weiquanwang)ཞེས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གནས་ཚུལ་སྤེལ་བའི་དྲ་རྒྱ་ཞིག་གི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། བོད་མདོ་སྨད་མཚོ་སྔོན་མགོ་ལོག་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་ནས་ཡིན་པའི་ལྷུན་གྲུབ་རྡོ་རྗེ་ལགས། རྒྱ་གཞུང་གིས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁྲིམས་ཐག་བཅད་དགོས་དོན་ནི། ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་ཏུ་༧གོང་ས་མཆོག་གི་བཀའ་སློབ་རྒྱུད་སྤེལ་དང་། ལོ་སྔོན་མའི་ལོ་གསར་སྐབས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་སྣར་ལོ་གསར་འཚམས་འདྲི་སྤེལ་ཡོད་པ་བཅས་ཡིན་པར་བཀོད་འདུག

ལྷུན་གྲུབ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་དང་། འབྲོག་པ་དཀྱུས་མའི་འཚོ་བར་སྐྱེས་ནས་བསྡད་ཡོད་འདུག ༢༠༢༠་ལོའི་ཟླ་༧་ཚེས་༡༧་ཉིན། རྒྱ་གཞུང་ཉེན་རྟོག་པས་ཁོང་བཀག་ཉར་བྱས་ཡོད་པ་དང་། ཟླ་དེའི་ཚེས་༢༣་ཉིན། ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

འདི་ལོའི་ཟླ་ ༡༢ ཚེས་ ༡༤ ཉིན། ཟླ་བ་ལྔ་བའི་རྗེས་སུ་ལྷུན་འགྲུབ་རྡོ་རྗེ་ལགས་ལ་༸གོང་ས་མཆོག་གི་བཀའ་སློབ་རྒྱུད་སྤེལ་དང་། བོད་རང་བཙན་གྱི་བརྗོད་བྱ་ཡིན་པའི་པར་རིས་དང་ཡི་གེ་བརྒྱུད་སྤེལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་སྣར་ལོ་གསར་འཚམས་འཕྲིན་སྤེལ་བ་བཅས་ལ་བརྟེན་ནས། མཚོ་སྔོན་མགོ་ལོག་ས་ཁུལ་འབྲིང་རིམ་ཁྲིམས་ཁང་ཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་དང་། ལོ་གཅིག་གི་ཆབ་སྲིད་ཐོབ་ཐང་འཕྲོག་ཡོད་སྐོར་འགྲེིལ་བརྗོད་བྱས་འདུག

ལྷུན་འགྲུབ་རྡོ་རྗེ་ལགས་ཀྱིས་༢༠༡༩་ལོའི་ཟླ་ ༢ ཚེས་ ༥ ཉིན། ཁོང་གིས་རང་ཉིད་ཀྱི་སྐད་འཕྲིན་གྲོགས་ཚོམས་སུ་སྐར་ཆ་ ༡༠ ཅན་གྱི་༧གོང་ས་མཆོག་གི་ལོ་སར་ཤིས་ཚིག་གི་བརྙན་ཐུང་རྒྱུད་སྐུལ་བྱས་ཡོད་པ་དང་། ཉིན་དེར་ཁོང་གིས་རང་ཉིད་ཝེ་པོ་དྲ་ལམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་སྣ་ཚོར་ལོ་གསར་བའི་འཚམས་འདྲིའི་པར་རིས་དང་ཡི་གེ་ཁ་ཤས་སྤེལ་ཡོད་པར་ལྟ་མཁན་༢༣༨༣ ལྷག་བྱུང་ཡོད་འདུག

ད་དུང་། འདིའི་ཟླ་ ༣ ཚེས་ ༡༡ ཉིན། བོད་ས་ཁུལ་ཡོངས་ལ་དམ་དྲག་དང་ཚོར་རྣོན་ཆེ་བའི་སྐབས་སུ་རང་ཉིད་ཝེ་པོ་དྲ་ལམ་ཐོག་ཏུ། བོད་རང་བཙན་གྱི་ནང་དོན་ཡོད་པའི་པར་རིས་དང་ཡི་གེ་བརྒྱུད་སྤེལ་དང་། ༢༠༢༠་ལོའི་ཟླ་ ༥ ཚེས་ ༣ ཉིན། ཁོང་གིས་༧གོང་ས་མཆོག་ལ་བསྟོད་པ་དང་སྨོན་ཚིག་གི་བརྗོད་བྱ་དང་མཉམ་དུ། ༧གོང་ས་མཆོག་སྐུ་གཞོན་དུས་ཀྱི་པར་ཞིག་སྤེལ་ཡོད་པ་བཅས་དྲ་རྒྱ་དེའི་སྟེང་དུ་བཀོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།