25
Mon, Jan

བོད་ཁམས་འབྲི་རུའི་བསྟན་འཛིན་ཐར་པ་ལགས་དང་ལྷ་མོ་ལགས། པར། དཀོན་མཆོག་རིན་ཆེན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༢༩ཉིན་སྤེལ། ཉེ་ཆར་བོད་ཁམས༌འབྲི་རུ་རྫོང་ཆགས་རྩེ་ནས་སྐྱེས་པ་བསྟན་འཛིན་ཐར་པ་དང་བུད་མེད་ལྷ་མོ་གཉིས་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་དངུལ་བཏང་བའི་ཉེས་མིང་འོག་ཏུ་འཛིན་བཟུང་བྱས་ཡོད་འདུག ལྷ་མོ་ལགས་རྒྱ་དམར་ཉེན་རྟོག་པས་མནར་གཅོད་ཚད་མེད་བཏང་བས་འདས་གྲོངས་སུ་ཕྱིན་འདུག

དེ་ཡང་། འདི་ག་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ༢༠༢༠་ལོའི་ཟླ་༦་པའི་ནང་དུ། བསྟན་འཛིན་ཐར་པ་དང་ལྷ་མོ་གཉིས་རྒྱ་གཞུང་ཉེན་རྟོག་པས་སྔ་རྗེས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། འཛིན་བཟུང་བྱས་རྐྱེན་ནི་ལྷ་མོ་ལགས་ཀྱིས་བསྟན་འཛིན་ཐར་པ་བརྒྱུད་ནས་རྒྱ་གར་ལ་དངུལ་བཏང་བ་ཡིན་པར་འགྲེལ་བརྗོད་བྱས་འདུག

བསྟན་འཛིན་ཐར་པ་ལགས་འཛིན་བཟུང་བྱས་པའི་ཉིན་གཉིས་པའི་མཚན་མོར་ཁོང་གི་ཞང་པོའི་བུ་མོ་ལྷ་མོ་ལགས་ཀྱང་འཛིན་བཟུང་བྱས་ཡོད་འདུག ཁོང་གཉིས་འཛིན་བཟུང་བྱས་ནས་ཉིན་ཁ་ཤས་ཀྱི་རྗེས་སུ། རྒྱ་དམར་ཉེན་རྟོག་པ་ལྷ་མོའི་ཁྱིམ་དུ་འཛུལ་ཡོང་ནས་ཅ་དངོས་སྔོག་གཤེར་བྱས་ཏེ། ༸གོང་ས་མཆོག་གི་སྐུ་པར་དང་བཀའ་ཆོས་ཀྱི་འོད་སྡེར་སོགས་ཁྱེར་ཡོད་འདུག

དེ་ནས། ༢༠༢༠ལོའི་ཟླ་༨་པའི་ནང་དུ། ལྷ་མོའི་ནང་མིར་ཉེན་རྟོག་པས་ཁ་པར་འབྱོར་ནས་གང་མགྱོགས་ནག་ཆུའི་སྨན་ཁང་ཞིག་ཏུ་ཡོང་དགོས་སྐོར་བཤད་འདུག ནང་མི་དེར་འབྱོར་དུས་ལྷ་མོ་སྨན་ཁང་དུ་ཡོད་པ་དང་མིག་གིས་ཅུང་ཟད་བལྟ་ཐུབ་པ་ལས་ཁ་གྲགས་ཐུབ་ཀྱི་མི་འདུག་ཟེར། ལྷ་མོ་ལགས་ཀྱི་གདོང་པ་ཡོངས་རྫོགས་སྐྲངས་ནས་སྔོན་པོ་ཆགས་ཡོད་པས་ལས་སླ་པོ་ངོ་མི་ཤེས་པ་ཆགས་འདུག་ཟེར། དེ་ལྟར་ཉིན་གཉིས་གསུམ་ཞིག་སྨན་ཁང་དུ་བསྡད་ཡོད་ཀྱང་མཐར་དྲག་སྐྱེད་མ་བྱུང་བར་སྨན་ཁང་དུ་འདས་གྲོངས་ཕྱིན་འདུག འདས་གྲོངས་ཕྱིན་མ་ཐག་རྒྱ་གཞུང་གིས་ཕུང་པོ་མེར་སྲེག་གཏོང་དགོས་པའི་བཙན་བཀའ་བཏང་ནས། ཕུང་པོ་མེར་སྲེག་བཏང་དགོས་བྱུང་འདུག་པས་ལུས་ལ་རྨ་ཁ་སོགས་ཡོད་མེད་བལྟ་རུ་བཅུག་མི་འདུག

ལྷ་མོ་ལགས་ནི་རང་ལོ་༣༦་ཡིན་པ་དང་། ཁོང་མོ་ནི་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན་པ་དང་། མོ་རྒྱུན་དུ་ལུས་ཁམས་བདེ་ཐང་ཡིན་པ་ལས་ནད་གཞི་རྙིང་པ་དེ་འདྲ་གང་ཡང་ཡོད་མ་རེད་ཟེར། མོའི་ཤུལ་དུ་དྭ་ཕྲུག་གསུམ་ལྷག་ཡོད་པ་དང་ཆུང་བ་དེ་ལོ་བདུན་ཙམ་ཡིན་འདུག

༢༠༢༠་ལོའི་ཟླ་༦་པའི་ནང་དུ་། རྒྱ་དམར་ཉེན་རྟོག་པས་བསྟན་འཛིན་ཐར་པ་ལགས་གློ་བུར་དུ་ནག་ཆུ་ཁ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ད་ལྟའི་བར་ས་གནས་གང་དུ་ཡོད་མེད་དང་། འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་གང་ཡང་ཤེས་རྟོགས་བྱུང་མི་འདུག དེ་ནས་ཟླ་བ་༩་པའི་ནང་དུ། བསྟན་འཛིན་ཐར་པ་ལགས་ཀྱི་ནང་མི་ཉེ་འབྲེལ་གྱིས་ཁྲིམས་རྩོད་པ་ཞིག་གླས་ནས་ཁོང་གང་དུ་ཡོད་མེད་བརྩད་གཅོད་དང་ཐུག་འཕྲད་བྱ་ཐབས་སོགས་བྱས་པས། ད་ལྟ་ནག་ཆུའི་བཙོན་ཁང་ཞིག་གི་ནང་དུ་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་དང་། ཕྱི་རྒྱལ་ལ་འབྲེལ་བ་བྱས་ནས་དངུལ་སྒོར་ཕྱི་ཕྱོགས་སུ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པར་འགྲེལ་བརྗོད་བྱས་འདུག ད་ལྟའི་ཆར་ཁྲིམས་ཐག་བཅད་མེད་པས་དུས་ཡུན་ཅི་ཙམ་བཙོན་འཇུག་བྱ་མིན་ཤེས་རྟོགས་བྱུང་མི་འདུག

བསྟན་འཛིན་ཐར་པ་ལགས་ད་ལྟར་རང་ལོ་༣༩་ཡིན་པ་དང་། སྔོན་མ་གྲྭ་པ་ཞིག་ཡིན་འདུག གསེར་རྟ་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་བ་དང་། སྐབས་དེར་<<འཚེ་བ་མེད་པ།>>ཞེས་པ་དང་། <<རྒྱང་འཛིན་>>ཞེས་པ་སོགས་དེབ་ཁ་ཤས་དཔར་མྱོང་འདུག ༢༠༡༢ ཙམ་ལ་ཕ་ཡུལ་དུ་ལོག་ནས་ཆགས་རྩེ་རུ་སློབ་གྲྭ་ཞིག་བཙུགས་ཡོད་འདུག འོན་ཀྱང་ཆགས་རྩེ་ཤང་མི་དམངས་སྲིད་གཞུང་ཟེར་བས་སློབ་གྲྭ་དེ་ཁྲིམས་མཐུན་མིན་ཚུལ་བཤད་དེ་སྒོ་བརྒྱབ་ཡོད་འདུག དུས་དེ་ནས་བཟུང་བསྟན་འཛིན་ཐར་པ་ལགས་ས་གནས་ཉེན་རྟོག་པས་ལྟ་རྟོག་གི་འོག་ཏུ་གནས་མུས་ཡིན་འདུག ༢༠༡༤ཙམ་ནས་ཚོང་ལས་གཉེར་འགོ་བརྩམས་ཤིང་དབྱར་རྩྭ་དགུན་འབུ་དང་ས་ཁང་སོགས་ཉོ་ཚོང་བྱས་འདུག ༢༠༡༥ ཙམ་ནས་བོད་<<ལྗོངས་འབྲི་རུ་ཀ་ཐོན་རྫས་ཚད་ཡོད་མཐུན་གཉེར་ཁང་>>གསར་དུ་བཙུགས་ཤིང་ཁོ་རང་དེའི་སྤྱི་ཁྱབ་འགན་འཛིན་པ་བྱ་མུས་རེད་འདུག

གནས་ཚུལ་འཁོད་སྤྲོད་པ། དཀོན་མཆོག་རིན་ཆེན། རྒྱ་གར་ལྷོ་ཕྱོགས།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།