19
Fri, Apr

བོད་གནས་ལྟ་ཞིབ་ཁང་གི་སྤྱི་གཉེར་འགན་འཛིན་སམ་ཝལ་ཊོན(Sam Walton)ལགས་ཀྱི་གཏམ་བཤད་གནང་བཞིན་པ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༢ཚེས་༩ཉིན། བཞུགས་སྒར་རྡ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་གནས་ལྟ་ཞིབ་ཁང་གི་གོ་སྒྲིག་འོག དབྱིན་སྐད་དུ་བཏོན་པའི་ཁམས་བྲག་མགོར་རྒྱ་གཞུང་གིས་དམ་དྲག་དང་ལྷག་པར་དུ་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བ་ཞེས་པའི་སྙན་ཐོ་དང་འབྲེལ་བའི་ཐོག་བགྲོ་གླེང་ཞིག་ཚོགས་སོང་།

དེ་ཡང། གཏམ་བཤད་པ་བོད་གནས་ལྟ་ཞིབ་ཁང་གི་སྤྱི་གཉེར་འགན་འཛིན་སམ་ཝལ་ཊོན(Sam Walton)དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་ཆོས་སྐྱིད། བྷོ་ཊི་འོད་སྣང་བཅས་ཡིན་ཞིང་། བགྲོ་གླེང་གི་ནང་དོན་གཙོ་བོ་ནི། སྙན་ཐོ་འདིའི་གལ་ཆེན་དང་དངོས་ཡོད་ཀྱི་རང་བཞིན་དང་། རྒྱ་གཞུང་གིས་ཁམས་བྲག་མགོར་དམ་དྲག་ཇི་ལྟར་བྱེད་བཞིན་ཡོད་ཚུལ། དེ་དང་མཚུངས་པར་བོད་སྤྱི་ལ་དམ་དྲག་བྱེད་བཞིན་ཡོད་སྐོར་སོགས་ཀྱི་ཐད་ནས་གཏམ་བཤད་གནང་སོང་།

བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ཀྱིས་སྙན་ཐོ་འདི་ཐོག་མར་དབྱིན་ཇིའི་གྲོས་ཚོགས་སུ་དབུ་འབྱེད་བྱས་ཡོད་སྐོར་དང་། དེའི་གལ་གནད། དེ་དང་མཚུངས་ཀྱི་བོད་ཀྱི་ས་ཁུལ་བྱེ་བྲག་པའི་དམ་དྲག་གི་གནས་ཚུལ་རྣམས་ཀྱང་སྙན་ཐོར་བཀོད་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ངོ་སྤྲོད་དང་མཁོ་སྤྲོད་བྱེད་རྒྱུ་གལ་ཆེ་སྐོར་སོགས་བརྗོད་སོང། དེ་ནས། བོད་གནས་ལྟ་ཞིབ་ཁང་གི་སྤྱི་གཉེར་འགན་འཛིན་སམ་ཝལ་ཊོན་གྱིས་སྙན་ཐོ་འདིའི་དངོས་ཡོད་བདེན་དཔང་གི་གལ་ཆེན་རང་བཞིན་སོགས་བརྗོད་སོང་།

དེའི་རྗེས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་ཆོས་སྐྱིད་ཀྱིས་ད་ལྟ་ཁམས་བྲག་མགོར་འབྱུང་བཞིན་པའི་དམ་དྲག་དང་། གདུག་རྩུབ། གཏོར་བཅོམ་སོགས་ཀྱི་གནས་ཚུལ་སྡུག་པོ་འདིའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་བྱུང་རིམ་སོགས་དངོས་ཡོད་པར་རིས་དང་སྦྱར་ནས་ཞིབ་ཚགས་ཀྱིས་ངོ་སྤྲོད་གནང་སོང་།

གཏམ་བཤད་བྷོ་ཊི་འོད་སྣང་གིས་མདོ་ཁམས་བྲག་མགོའི་ཞི་རྒོལ་སྤྱིའི་ངོ་སྤྲོད་དང་། རང་གི་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་བྱེ་བྲག་གི་གནས་ཚུལ། རྒྱ་ཇག་གིས་བོད་ལ་བཙན་འཛུལ་བྱས་ནས་བོད་ཀྱི་ཕྱིའི་ཁོར་ཡུག་དང་། ནང་གི་སེམས་ཅན་ཡོངས་ལ་གནོད་འཚེ་བྱས་ཚུལ་གྱི་སྐོར་བརྗོད་སོང་།

གཞན་ཡང་། བོད་གནས་ལྟ་ཞིབ་ཁང་གིས་མདོ་ཁམས་བྲག་མགོ་རུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་ཐོ་གཞུང་མདོར་བསྡུས་ཤིག་བཏོན་ཡོད་པ་གཤམ་གསལ་ལྟར།
༢༠༠༨ ཟླ་ ༦ ཚེས་༦ ཉིན་བྲག་མགོའི་འཇང་སྒང་དགོན་གྱི་གྲྭ་ཚེ་དབང་གྲགས་པ་དང༌། རྟའུ་ནས་ཡིན་པ་གྲྭ་ཐུབ་བསྟན་རྒྱ་མཚོ། རྫ་སྟོད་ནས་ཡིན་པའི་གྲྭ་བྱང་སེམས་ཉི་མའམ་མཚན་གཞན་ཞིག་ལ་རྒྱ་མཚོ་ཉི་མ)་གསུམ་གྱིས་བྲག་མགོའི་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་ངོ་རྒོལ་སྐད་འབོད་བྱས།
༢༠༠༨ ཟླ་ ༡༡ པའི་ནང་གྲྭ་ཚེ་དབང་གྲགས་པ་སོགས་ལ་ཁྲིམས་ཐག་བཅད་པའི་ཉིན་ཤས་སྔོན། ནང་མི་དང་གཉེན་ཉེ་འབྲེལ་སོགས་ཁོ་ལ་ཐུག་འཕྲད་དུ་ཡོང་ན་འགྲིག་ལུགས་བཤད་འདུག་ཅིང་། ཁོང་གི་ཕ་འཇམ་དབྱངས་ཉི་མ་དང་བློ་བཟང་དཔལ་ལྡན་སོགས་ཐུག་འཕྲད་དུ་འགྲོ་སྐབས་ཁྱེད་རང་ཚོའི་བུ་བསམ་བློ་ལོག་པ་དང་མི་རིགས་གཏོར་བཤིགས་གཏོང་མཁན་རེད་འདུག ཁྱེད་ཚོས་ཉེས་པ་ངོས་ལེན་དང་དགོངས་དག་ཞུ་ན་ཉེས་པ་ཆག་ཡང་དང་ཐུག་འཕྲད་བྱེད་དུ་འཇུག་རྒྱུ་ཡིན་པར་བཤད་འདུག་ཀྱང༌། འཇམ་དབྱངས་ཉི་མ་སོགས་ཀྱིས་ང་ཚོ་ཁོང་ལ་ཐུག་མ་བཅུག་ཀྱང་དགོངས་དག་ཞུ་ཐུབ་ས་མ་རེད་ཅེས་ཞི་རྒོལ་བྱས།
༢༠༠༨ ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་བྲག་མགོའི་རྦ་དག་བཙུན་མགོན་གྱི་བཙུན་མ་ཚེ་རིང་མཚོ་ནས་ཞི་བའི་ངོ་རྒོལ་བྱས།
༢༠༠༨ ཟླ་ ༦ ཚེས་༨ གྱི་ཉིན་རྒྱབ་ཙམ་ལ་བྲག་མགོའི་རྦ་དག་བཙུན་དགོན་གྱི་བཙུན་མ་༣༠༠ལྷག་གིས་ཞི་བའི་ངོ་རྒོལ་བྱས། ཚེས་ ༨ ཉིན་གྱི་དགོང་མོར་བྲག་མགོ་ཁུལ་གྱི་མི་མང་རྣམས་ཀྱིས་རྦ་དག་བཙུན་དགོན་གྱི་བཙུན་མ་རྣམས་འཛིན་བཟུང་བྱེད་ཡོད་པར་གོ་ཐོས་བྱུང་བ་དང༌། དེ་ནས་ཡུལ་མི་དྲུག་བརྒྱ་ལྷག་འདུ་འཛོམས་ཀྱིས་བྲག་མགོ་རྫོང་མི་མང་སྲིད་གཞུང་གི་སྒོ་འགྲམ་དུ་ཞི་རྒོལ་བྱས།
༢༠༠༨ ཕྱི་ཟླ་ ༣ ཚེས་ ༢༤ ཉིན་བྲག་མགོའི་ལྕོག་རི་ས་གནས་སུ་ཡོད་པའི་ངང་དགོང་བཙུན་དགོན་དང༌། ལྕོག་རི་དགོན་པའི་སེར་སྐྱ་མང་ཚོགས་ནས་ཞི་བའི་ངོ་རྒོལ་བྱས།
༢༠༠༨ ཟླ་ ༣ ཚེས་ ༢༥ཉིན་བྲག་མགོའི་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་ཆོས་ར་བ་དང་སློབ་གྲྭ་བ་གཉིས་ཀྱི་དགེ་འདུན་པ་ ༣༠༠ ལྷག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས།
༢༠༠༩ ཟླ་༣ཚེས་ ༢༥ཉིན་བྲག་མགོའི་དགོན་གྱི་གྲྭ་ཕུན་ཚོགས་རབ་ཀྱིས་བྲག་མགོའི་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་ལོ་གཅིག་སྟབས་བསྟུན་ནས་ཞི་བའི་ངོ་རྒོལ་བྱས།
༢༠༡༢ ཟླ་ ༡ པོའི་ཚེས་ ༢༢ རྒྱའི་ལོ་གསར་ཉིན་མོ་ཡིན་པ་དང་ཉིན་དེར་བོད་མི་ཞིག་གིས་ཞི་བའི་ངོ་རྒོལ་བྱས།
༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོའི་མི་མང་དང་དེ་བཞིན་རྟའུ། ཉག་རོང༌། དཀར་མཛེས་དང་གསེར་རྟ་སོགས་ཕྱོགས་འདྲ་མིན་ནས་བོད་མི་སྟོང་ལྷག་བྲག་མགོའི་རྫོང་ཐོག་ཏུ་འཛོམས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དམར་གཞུང་ལ་ཞི་བའི་ངོ་རྒོལ་བྱས།
༢༠༡༢ ཟླ ༣ ཚེས ༢༩ ཉིན་བྲག་མགོ་རྫོང་གི་ཉེན་རྟོག་པས་མགོན་པོ་རིག་འཛིན་འཇུ་བཟུང་བྱེད་པར་ཡོང་སྐབས་རང་གི་རང་སྲོག་བཅད་ནས་ཞི་བའི་ངོ་རྒོལ་བྱས།
༢༠༡༢ ཟླ་ ༣ པའི་ནང་ལ་རྒྱ་གཞུང་གིས་ཆེད་གཉེར་གོ་སྒྲིག་བྱས་པའི་མི་སྣ་གྲོང་ཚོ་ཁག་ཏུ་ཡོང་ནས་གཞུང་གི་སྲིད་ཅུས་འོག་སྐྱིད་པོ་ཡོད་མེད་དང༌། དཀའ་ངལ་གང་ཡོད་སོགས་བསམ་འཆ འཆར་བསྡུ་ཁུལ་བྱས་པར། བོད་མི་རྒན་ཁོགས་འགའ་ཞིག་གིས་ཁྱོད་ཚོས་རྒྱུན་དུ་བཤད་པའི་རི་པན་ཀྱི་བྱ་སྤྱོད་ངན་པ་ཐོས་པ་མ་གཏོགས་དྲག་གནོན་བྱ་སྤྱོད་ངན་པ་དངོས་སུ་མྱོང་བ་དང་མཐོང་བ་འདི་དག་ཡིན་ཅེས་ལན་བཏབ་ནས་ཞི་བའི་ངོ་རྒོལ་བྱས།
༢༠༢༡ ཟླ་ ༡༡ ཚེས་ ༢༧ ཉིན་བྲག་མགོའི་དགོན་པའི་མཁན་པོ་དཔལ་དགའ་དང༌། ཕྱག་མཛོད་གྲྭ་ཉི་མ་གཉིས་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་ནས་དགོན་པའི་ཉེ་འདབས་སུ་བཞེངས་ཡོད་པའི་ཐུབ་དབང་གི་སྐུ་བརྙན་དེ་གཏོར་བཤིག་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་ཁོང་གཉིས་ཀྱི་ཁས་ལེན་མ་བྱས་པར་ཞི་བའི་ངོ་རྒོལ་བྱས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།