20
Sat, Apr

༢༠༡༩་ལོའི་ཟླ་༩་པའི་ཚེས་༢༧་ཉིན། བཞུགས་སྒར་རྡ་སར་བོད་པའི་སློབ་ཕྲུག་ཚོས་གནམ་གཤིས་འགྱུར་ལྡོག་ཐོག་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༢༤ཉིན། འཛམ་གླིང་གི་ས་ཕྱོགས་ཁག་མི་འདྲ་གཅིག་སྟོང་ལྷག་གི་ནང་དུ། གཞོན་སྐྱེས་ཚོས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཆེད་ལས་འགུལ་སྤེལ་བཞིན་ཡོད་པའི་ནང་། བོད་པའི་ཚོགས་པ་བརྒྱད་དྲ་ཐོག་ནས་མཉམ་ཞུགས་བྱས་ནས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་ཁྲོད་བོད་དེ་ཤུགས་རྐྱེན་ཆེ་ཤོས་ཕོག་པའི་རྒྱལ་ཁབ་ཅིག་ཡིན་སྐོར་བརྗོད་འདུག

དེ་ཡང་། གོང་ཚེས་ཉིན། ས་གནས་འགོ་འཛིན་ཁོར་ཡུག་སྡེ་ཚན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཆེད་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་དང་། བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་གོ་རྟོགས་སྤེལ་ཆེད་དྲ་ཐོག་ནས་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་འདུག

ཁོ་ཚོའི་ཐུན་མོང་གི་བསྒྲགས་གཏམ་ནང་དུ་འདི་ལྟར་འཁོད་འདུག དེ་རིང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་རྣམས་ཀྱིས། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལས་འགུལ་ལ་མཉམ་ཞུགས་བྱས་པའི་ཐོག བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་རྒྱུ་ཡིན། བྱང་འཁྱགས་རོམ་རྒྱ་མཚོ་དང༌། ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་རྒྱལ་ཁབ་ལྟར། བོད་མཐོ་སྐར་དེ་ཡང་སའི་གོ་ལའི་སྣེ་གསུམ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་པས། བོད་མཐོ་སྒང་གི་ཚ་དྲོད་རྒྱས་པའི་མྱུར་ཚད་དེ་ས་ཁུལ་གཞན་ལས་ལྡབ་གསུམ་ལས་མང་བ་ཡོད། གནམ་གཤིས་འགྱུར་ལྡོག་རྐྱེན་པས་བོད་མཐོ་སྒང་གི་ཚ་དྲོད་རྒྱས་པ་དང་། སྔར་གྱི་གཏན་ཆགས་འཁྱགས་རོམ་ཞུར་བ། ཆུ་ཡི་ཞུར་རྒྱུན་ལ་དོ་ཕོག་གཏོང་བ། ལྷག་པར་དུ་ལོ་ལྟར་བོད་མཐོ་སྒང་གི་འཁྱགས་རོམ་ཊོན་ཐེར་འབུམ་བརྒྱད་ལྷག་ཞུར་འགྲོ་ཡི་ཡོད། གོད་ཆག་དེའི་ཤུགས་རྐྱེན་བོད་ཀྱི་སྣོད་བཅུད་ཁོ་ནར་ཐེབས་པ་མ་ཡིན་པར། བོད་ཀྱི་ཆུའི་འབྱུང་ཁུངས་ལ་བརྟེན་མཁན་གྱི་འཛམ་གླིང་གི་མི་འབོར་ཐེར་འབུམ་༡:༥་ལྷག་ལ་ཆུའི་དཀའ་ངལ་འཕྲད་བཞིན་ཡོད།

བོད་ཀྱི་བུད་མེད་ཚོགས་པའི་ལས་བྱེད་དབང་མོས་ལགས་ཀྱིས་བརྗོད་དོན། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་ཁྲོད། བོད་དེ་ཤུགས་རྐྱེན་ཆེ་ཤོས་ཕོག་སའི་རྒྱལ་ཁབ་ཅིག་ཡིན། དེར་བརྟེན། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་སྐོར་བགྲོ་གླེང་བྱེད་སྐབས། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་སྐོར་ངེས་པར་དུ་གླེང་དགོས། སའི་གོ་ལའི་ཚ་དྲོད་རྒྱས་པ་དང་ལྷན་དུ་བོད་ཀྱི་འཁྱགས་རོམ་ཞུར་འགྲོ་བཞིན་ཡོད། དེར་བརྟེན་དེ་རིང་ང་ཚོས་ཨེ་མ་རྫོན་དང། ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་མི་མང་། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཁོར་ཡུག་ལས་འགུལ་བ་ཚོ་དང་ལག་གདང་སྦྲེལ་ནས། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་གཞོན་སྐྱེས་ཚོས་སྣེ་འཁྲིད་པའི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དེར་མཉམ་ཞུགས་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

བོད་ནང་གི་གནམ་གཤིས་འགྱུར་ལྡོག་སྐོར་ལ་བོད་ནང་གི་བོད་མི་རྣམས་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་མིའི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད། དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ནས་བོད་ནང་གི་བོད་མིའི་བསམ་ཚུལ་རྣམས་རྒྱུན་སྐྱོང་ཐོག བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་སྐོར་རྒྱལ་སྤྱིའི་ནང་གླེང་སློང་ཤུགས་ཆེན་ཡོང་བའི་འབད་བརྩོན་བྱེད་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱིས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གླེང་གློང་བྱེད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད། འོན་ཀྱང་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་བསམ་ཚུལ་དེ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་སྔོན་འགོག་བྱ་རྒྱུའི་ཐད་མེད་དུ་མེད་རུང་ཞིག་ཏུ་གྱུར་ཡོད། བོད་མཐོ་སྒང་དུ་ཆུ་མཛོད་བརྒྱ་ཕྲག་གསར་འཛུགས་དང༌། ཁོར་ཡུག་ལ་གཏོར་སྐྱོན་ཆེ་བའི་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད། མདོར་ན་འཛམ་གླིང་གི་མི་འབོར་ལྔ་ཆ་གཅིག་ཙམ་ནི་བོད་མཐོ་སྒང་ནས་འབབས་བའི་ཆུ་ལ་བརྟེན་ནས་འཚོ་བ་སྐྱེས་བཞིན་ཡོད། ཅེས་བཀོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།