24
Wed, Apr

ཨོ་གླིང་དུ་༢༠༢༢ལོའི་ཨོ་ལིམ་པིག་རྒྱ་ནག་ནས་རྩེ་རྒྱུ་མཚམས་འཇོག་བྱ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་སྐབས། པར། བརྒྱུད་ལམ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༦་ཚེས་༢༣ཉིན། འཛམ་གླིང་ས་ཕྱོགས་གང་སའི་ས་གནས་ལྔ་བཅུ་ལྷག་གི་ནང་དུ། བོད་དང་ཡུ་གུར། ཐེ་ཝན། ཧོང་ཀོང་། སོག་པོ་བཅས་ཀྱི་ལས་འགུལ་བ་བརྒྱ་ཕྲག་འགའ་ཡིས་༢༠༢༢ལོའི་ཨོ་ལིམ་པིག་རྒྱ་ནག་ཏུ་རྩེ་རྒྱུ་མཚམས་འཇོག་བྱ་དགོས་པའི་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་འདུག

དེ་ཡང་། རྒྱལ་སྤྱིའི་ཨོ་ལིམ་པིག་ཉིན་མོར། ཨ་རི་དང་། ཨོ་གླིང་། ཧྥ་རིན་སུ། སུད་སི། དབྱིན་ཡུལ། ཉི་ཧོང་སོགས་སུ། བོད་དང་ཡུ་གུར། ཐེ་ཝན། ཧོང་ཀོང་། སོག་པོ་བཅས་ཀྱི་ལས་འགུལ་བ་བརྒྱ་ཕྲག་འགའ་ཡིས་ལས་འགུལ་རིགས་འདྲ་མིན་གྱི་ཐོག་ནས། རྒྱ་ནག་ལ་༢༠༢༢ལོའི་ཨོ་ལིམ་པིག་རྩེ་རྒྱུ་མཚམས་འཇོག་བྱ་དགོས་པ་དང་། རྒྱ་གཞུང་གིས་བོད་དང་ཡུ་གུར། སོག་པོ། ཧོང་ཀོང་སོགས་ཀྱི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་དང་། རྒྱ་ནག་ནི་བོད་བཙན་བཟུང་བྱེད་མཁན་དང་། བོད་མི་སྟོང་ཕྲག་མང་པོ་གསོད་མཁན་གྱི་ལག་དམར་བ་ཡིན་པ། ཡུ་གུར་བ་ཁྲི་འགའ་བཙོན་ཁང་དུ་བཅུག་ཡོད་པ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་བྱས་འདུག

ས་གནས་ལྔ་བཅུ་ལྷག་གི་ནང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ཁོ་ཚོས་༢༠༢༢ལོའི་ཨོ་ལིམ་པིག་རྒྱ་ནག་ནས་རྩེ་རྒྱུ་མཚམས་འཇོག་བྱ་དགོས། བོད་དང་ཡུ་གུར། ཧོང་ཀོང་བཅས་སུ་རང་དབང་མེད། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་ཅེས་སྐད་འབོད་གནང་འདུག དེ་བཞིན་ལས་འགུལ་བ་ཚོས་རང་ཉིད་སྡོད་གནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ལ་རྒྱ་ནག་དུ་༢༠༢༢་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེ་རྒྱུ་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་ཐོབ་པའི་འབོད་སྐུལ་དང་། རྩེད་འགྲན་ལ་སྦྱིན་བདག་གནང་མཁན་རྣམས་ལ་སྦྱིན་བདག་དེ་དག་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

ལས་འགུལ་བ་ཚོས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ལ་རེ་འདུན་དང་འབོད་སྐུལ་ནི། ༢༠༢༢་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་རྒྱལ་ཁབ་གཞན་ཞིག་ཏུ་གནས་སྤོ་ཞུ་དགོས་པ་དང་། རྒྱ་ནག་དུ་རྩེ་རྒྱུ་མཚམས་འཇོག་བྱ་དགོས་པ་དེ་ཡིན་འདུག

༢༠༢༢་ལོའི་དགུན་དུས་ཀྱི་ཨོ་ལིམ་པིག་རྒྱ་ནག་ནས་རྩེ་རྒྱུ་མཚམས་འཇོག་བྱ་དགོས་པའི་རྒྱུ་མཚན་ནི། རྒྱ་གཞུང་གིས་ཡུ་གུར་ས་ཡ་གཉིས་ལྷག་སློབ་གསོ་བཅོས་བསྒྱུར་ཁང་ཞེས་པ་ནང་དུ་བཅུག་ནས་ཆབ་སྲིད་སློབ་གསོ་སྤྲད་པ་དང་། མནར་གཅོད། རྡུང་རྡེག བཙན་གཡེམ་བྱས་ཡོད། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ཡོད། བོད་ནི་འཛམ་གླིང་ནང་གི་ཆེས་རང་དབང་མེད་པའི་རྒྱལ་ཁབ་གཉིས་པ་དེ་ཡིན། རྒྱ་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ལག་བསྟར་བྱས་ནས་རང་དབང་འཐབ་རྩོད་པ་རྣམས་ལ་བཙན་འཇུག་ཁྲིམས་ཐག་བཅད་དང་གཅོད་བཞིན་པ། རྒྱ་གཞུང་གིས་ལྷོ་སོག་ཡུལ་དུ་རང་ཉིད་ཀྱི་སྐད་ཡིག་སློབ་པའི་ཐོབ་ཐང་རྩོད་མཁན་རྣམས་བཙོན་འཇུག་བྱས་ཡོད་པ། རྒྱ་མི་ཁྲིམས་རྩོད་པ་མང་པོ་ཞིག་གར་སོང་ཆ་མེད་དུ་འགྱུར་བཞིན་པ། ཐེ་ཝན་ལ་རྒྱ་གཞུང་གིས་ཡང་སྲིད་ཐུབ་ཚོད་གཏོང་བཞིན་ཡོད། རྒྱ་གཞུང་གིས་ལྷོ་རྒྱ་མཚོ་དང་འཕགས་བོད་ས་མཚམས་སོགས་སུ་ཡང་སྲིད་བཙན་འཛུལ་བྱེད་བཞིན་པ་བཅས། རྒྱ་གཞུང་གིས་རྒྱལ་སྤྱིའི་བདེ་འཇགས་ལ་གནོན་སྐྱོན་གཏོང་གི་ཡོད། ཅེས་འགྲེལ་བརྗོད་གནང་ནས་༢༠༢༢ལོའི་ཨོ་ལིམ་པིག་རྒྱ་ནག་ནས་རྩེ་རྒྱུ་མཚམས་འཇོག་བྱ་དགོས་པའི་དགོས་འདུན་བཏོན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།