20
Sat, Apr

ཟླ་བདུན་པ་ནི་བོད་ཀྱི་གཅེས་ནོར་ཟླ་བར་གཏན་འབེབ་གནང་འདུག པར། བོད་རིགས་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་ཀྱི་ངོ་དེབ་ལས་བླངས་ཡིན།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢༥་ཉིན་སྤེལ། ཁེ་ན་ཌའི་ཨོན་ཊ་རིའོ(Ontario)གྲོས་ཚོགས་སུ་འཐུས་མི་མང་མོས་ཀྱི་ཐོག་ནས། སྤྱི་ཟླ་བདུན་པ་ནི་བོད་ཀྱི་གཅེས་ནོར་ཟླ་བར་གཏན་འབེབ་གནང་འདུག

དེ་ཡང་། ལོ་སྔོན་མར་བོད་རིགས་ཁེ་ན་ཌའི་ཨོན་ཊ་རིའོ་གྲོས་ཚོགས་འཐུས་མི་བུ་ཁྲིད་དཀར་པོ་ཆེ(Bhutila Karpoche)ལགས་ཀྱིས་ཨོན་ཊ་རིའོ(Ontario)གྲོས་ཚོགས་ར་བའི་ནང་དུ། ལོ་རེའི་ཟླ་བ་བདུན་པ་ནི་བོད་ཀྱི་གཅེས་ནོར་ཟླ་བར(Tibetan Heritage Month)ངོས་འཛིན་ཞུ་བའི་གྲོས་འཆར་ཞིག་བཏོན་ཡོད་པ་དང་། ཟླ་འདིའི་ཚེས་༢༤ཉིན་གྲོས་འཆར་དེ་གྲོས་ཚོགས་འཐུས་མི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ནས་ཁྲིམས་ལ་གཏན་འབེབ་བྱས་འདུག

བོད་རིགས་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་ཀྱིས་ངའི་གྲོས་འཆར་ཟླ་བདུན་པ་ནི་བོད་ཀྱི་གཅེས་ནོར་ཟླ་བར་ངོས་འཛིན་ཞུས་ནས་ཁྲིམས་ལ་གཏན་འབེབ་བྱུང་བར་ཧ་ཅང་དགའ་སྤྲོ་སྐྱེས་བཞིན་ཡོད། བྱང་ཨ་རིའི་གྲོས་ཚོགས་སུ་རང་ཉིད་བོད་མི་ཞིག་འཐུས་མིར་བདམས་ཐོན་བྱུང་བར་སྤོབས་པ་སྐྱེས་ཀྱི་ཡོད། དེ་བཞིན་ཁུན་སི་སྡོམ་ར(Queen’s Park)ལ་ཡོད་པའི་ང་ཚོའི་སྤྱི་ཚོགས་ཆེད་དུ་འཐབ་རྩོད་བྱེད་བཞིན་པའང་སྤོབས་པ་སྐྱེས་ཀྱི་འདུག ཅེས་ཁོང་མོའི་ངོ་དེབ་ཐོག་འཁོད་འདུག

གྲོས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་བོད་དོན་གོ་རྟོགས་སྤེལ་ཐབས་དང་། ཨོན་ཊ་རིའོ་ནང་དུ་ཡོད་པའི་ཁེ་ན་ཌ་བོད་མི་ཚོའི་ཞབས་ཞུ་ལ་ངོས་འཛིན་ཐོབ་ཐབས་བཅས་ཡིན་འདུག དེར་བརྟེན། གྲོས་འཆར་འདིར་རྒྱབ་སྐྱོར་ཐོབ་པ་ནི་ཨོན་ཊ་རིའོ་ཞིང་ཆེན་གྱིས་བོད་མི་ཚོས་སྤྱི་ཚོགས་སྡེ་ཚན་འདྲ་མིན་ནང་དུ་ཞབས་ཞུ་རིམ་པ་ཞུས་ཡོད་པར་ངོས་འཛིན་ཐོབ་ཡོད་ཅིང་། བོད་པའི་གཅེས་ནོར་ཟླ་བ་འདིས་མི་རབས་གསར་པ་རྣམས་ལ་ཁེ་ན་ཌའི་བོད་རིགས་ཚོས་ཞབས་ཞུ་དོན་སྙིང་ལྡན་པ་ཞུས་ཡོད་པ་དང་། ད་དུང་མུ་མཐུད་ནས་ཞུ་རྒྱུ་ཡིན་པའི་སྐོར་སློབ་སྦྱོང་སྤྲོད་པའི་གོ་སྐབས་ཤིག་ཀྱང་རེད། ཅེས་འགྲེལ་བརྗོད་བྱས་འདུག

ཟླ་བདུན་པའི་ཚེས་དྲུག་ནི་༸སྤྱིར་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡོད། དེར་བརྟེན། ཟླ་བ་བདུན་པ་ནི་འཛམ་གླིང་གང་སར་གནས་པའི་བོད་མི་ཚོར་གལ་ཆེན་པོ་ཞིག་ཡིན། ཉིན་མོ་འདི་ནི་བོད་མི་ཚོའི་ནུས་པ་མཉམ་སྤུངས་བྱེད་པའི་དུས་ཁྱད་པ་ཅན་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་འདུག

གྲོས་འཆར་དེར་ཨོན་ཊ་རིའོ(Ontario)ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཨོན་ཊ་རིའོ(Ontario)བོད་ཀྱི་བུད་མེད་ལྷན་ཚོགས། ཆུ་བཞི་སྒང་དྲུག བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བཅས་ཀྱིས་རྒྱབ་སྐྱོར་གནང་ཡོད་འདུག

གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་ནི་ཁེ་ན་ཌའི་པར་ཁི་ཌི་ལེ-ཧིར་པར་ཁི(Parkdale—High Park)ཞེས་པའི་རྫོང་ཞིག་གིས་འཐུས་མི་ཡིན་པ་དང་། རྫོང་འདིར་ཁེ་ན་ཌའི་བོད་མི་མང་ཤོས་གནས་སྡོད་བྱེད་པའི་ས་ཆ་ཞིག་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།