24
Wed, Apr

བོད་མི་ཆབ་སྲིད་བཙོན་པ་སྒྲོལ་དཀར་ལགས་དང་ཁོ་མོའི་ཚ་བོ་དབང་ཆེན་ལགས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༡༥་ཉིན། བོད་ཁམས་སེར་ཤུལ་རྫོང་ནས་ཡིན་པའི་བུད་མེད་སྒྲོལ་དཀར་ལགས་རྒྱ་གཞུང་གིས་གསང་བ་ཕྱིར་བསྒྲགས་ཞེས་པའི་ཉེས་མིང་འོག་བཙོན་འཇུག་ལོ་གཅིག་ལྷག་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། བཙོན་དུ་མནར་གཅོད་ཚབས་ཆེན་མྱོང་རྐྱེན་རྐང་ལག་ནད་པར་གྱུར་ཡོད་འདུག

དེ་ཡང་། ༢༠༡༩་ལོ་ཟླ་ ༤ ཚེས་ ༢༩ ཉིན། སེར་ཤུལ་རྫོང༌སེར་ཤུལ་ཡུལ་ཚོའི་ས་གནས་བོད་རིགས་མང་ཚོགས་ཀྱིས་སེར་ཤུལ་དགོན་པའི་རྒྱབ་རིར་གསང་གསོལ་དང་རླུང་རྟ་དར་འཛུགས་སོགས་ཆོས་ཕྱོགས་བྱེད་སྒོ་ཞིག་སྤེལ་སྐབས་སེར་ཤུལ་ཡུལ་ཚོར་གཏན་སྡོད་བྱེད་མཁན་རང་ལོ་༢༠ཡིན་པའི་བོད་མི་དབང་ཆེན་ལགས་ཀྱིས་༸ཀུན་ཟིགས་པཎ་ཆེ་རིན་པོ་ཆེ་གློད་བཀྲོལ་ཡོང་བར་ཤོག་ཅེས་དང་༸རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་དུ་ལྷན་ཅིག་ཏུ་འཛོམས་པར་ཤོག་ཅེས་སྨོན་ལམ་བརྒྱབས་རྐྱེན་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ཁོང་གི་རོགས་པ་བློ་བཟང་དང༌ཡོན་ཏན་ཞུ་བའི་བོད་མི་གཉིས་ཀྱང་དོན་མེད་འཇུ་བཟུང་བཙན་ཁྲིད་བྱས་འདུག

ལོ་དེའི་ཟླ་༥་ཕྱི་ཚེས༨་ཉིན། སེར་ཤུལ་རྫོང་མི་མང་ཁྲིམས་ཁང་ཟེར་བས་དབང་ཆེན་ལ་རྒྱལ་ཁབ་ཀྱི་ཁྲིམས་འགལ་མངོན་གསལ་ཅན་གྱི་གྱེན་ལང་རྩ་འཛུགས་བྱེད་མཁན་དང་ནག་འཇོམས་ངན་སེལ་གྱི་འབྲེལ་ཡོད་ཅེས་པའི་ཁྲིམས་ཀྱི་དོན་ཚན་འོག་ནས་དབང་ཆེན་ལ་ལོ་བཞི་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་ཨ་ནེ་སྒྲོལ་དཀར་ལ་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་རྩ་དོན་དང་ས་གནས་བདེ་འཇགས་ལ་གནོད་འཚེ་བཏང་བ། གསང་བ་ཕྱིར་བསྒྲགས་བྱས་པ་བཅས་ཀྱི་ཉེས་མིང་འོག་ནས་ལོ་གཅིག་དང་ཟླ་གསུམ་ཁྲིམས་ཆད་བཏང་ཡོད་པ་རེད་འདུག

འདི་ལོ་ཟླ་༨་ཚེས་༡༥་ཉིན། སྒྲོལ་དཀར་ལགས་བཙོན་འཇུག་དུས་བཀག་ཚང་ནས་གློད་བཀྲོལ་བཏང་ཡོད་ཀྱང་། ཁོ་མོའི་གཟུགས་པོ་ཧ་ཅང་སྐྱོ་བོ་གྱུར་ཡོད་པ་མ་ཟད། རྐང་ལག་དང་དཔྱི་མགོ་བཅས་ནད་པ་གྱུར་ནས་འགྲོ་བསྐྱོད་བྱེད་པར་ཁག་པོ་གྱུར་ཡོད་འདུག དེ་ནི་ཁོ་མོ་བཙོན་ཁང་དུ་ངལ་རྩོལ་གྱི་ལས་ཀ་མང་པོ་བྱས་བཅུག་ཡོད་པ་དང་། མནར་གཅོད་ཚབས་ཆེན་བཏང་བའི་རྐྱེན་གྱི་ཡིན་འདུག

ཁོ་མོ་ནད་པར་གྱུར་ཡོད་རྐྱེན་ཟླ་འདིའི་ཚེས་ ༡༦ ཉིན་སྨན་ཁང་དུ་བསྟན་ཡོད་པ་དང་། ད་ལྟ་རང་ཁྱིམ་དུ་སྨན་བཅོས་བྱས་ནས་བསྡད་ཡོད་པར་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་ཁང་ལ་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།