19
Fri, Apr

༢༠༢༠་ལོའི་ཟླ་༦་ཚེས་༥་ཉིན། ཞི་བའི་གོམ་བགྲོད་པ་ཚེ་རིང་དབང་འདུས་ལགས་དང་སུད་ཝི་སུ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམས་སོགས། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བླངས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༩་ཉིན་སྤེལ། སུད་ཝི་སུར་གནས་སྡོད་བྱས་པའི་བོད་མི་ཚེ་རིང་དབང་འདུལ་ལགས་ཀྱིས་ཉིན་དགུ་རིང་ཞི་བའི་གོམ་བགྲོད་བྱས་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལ་རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་དང་ཏོག་ནད་ཀྱིས་འཛམ་གླིང་ཡོངས་ལ་དཀའ་ངལ་སྤྲད་ཡོད་པར་འགན་ཁུར་དགོས་པའི་སྙན་ཞུ་ཕུལ་འདུག

དེ་ཡང་། ཟླ་༥་ཚེས་༢༧ཉིན། སུད་ཝི་སུར་གནས་སྡོད་བྱས་པའི་ལོ་ན་༤༥་ཡིན་པའི་བོད་མི་ཚེ་རིང་དབང་འདུལ་ལགས་ཀྱིས་རྒྱབ་ཏུ་བོད་དང་སུད་ཝི་སུའི་རྒྱལ་དར་འཁྱེར་ནས་གྲོང་ཁྱེར་ཛུ་རི་ཆིའི་ཝིན་ཊེར་ཐར(Winterthur, Zurich)ནས་འགོ་བཙུགས་ནས་ཞི་བའི་གོམ་བགྲོད་བྱས་སྟེ། རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་འགན་ཁུར་དགོས་པའི་ལས་འགུལ་སྤེལ་འདུག

ཚེ་རིང་དབང་འདུལ་ལགས་ཀྱིས་ཉི་མ་དགུའི་རིང་། སུད་ཝི་སུ་གྲོང་ཁྱེར་དྲུག་ནང་དུ་ཁེར་རྐྱང་གི་ཞི་བའི་གོམ་བགྲོད་བྱས་ནས་སྐོར་བསྐྱོད་ཕྱིན། གྲོང་ཁྱེར་དེ་དག་ནང་དུ་ཡོད་པའི་བོད་མི་ཚོས་ཁོ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མཉམ་དུ་གོམ་བགྲོད་ཀྱང་བྱས་འདུག གྲོང་ཁྱེར་དེ་དག་ནི་ཛུ་རི་ཆི(Zurich)དང་། ལུ་ཛེན(Luzern)། བྷེན(Bern)། ཧྥི་རི་བྷོ་གྷི(Fribourg )། ལུ་སན་ནེ(Lausanne)། ཇེན་ནེ་ཝ(Geneva)་བཅས་རེད།

ཟླ་འདིའི་ཚེས་༥་ཉིན། དབང་འདུས་ལགས་སུད་ཝི་སུ་གྲོང་ཁྱེར་ཇེན་ནེ་ཝ(Geneva)སླེབས་འདུག སྐབས་དེར། སུད་ཝི་སུ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་བོད་རིགས་མཐུན་ཚོགས་ཀྱི་འགན་འཛིན་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་མདུན་དུ་ཁོང་ལ་སྣེ་ལེན་བྱས་འདུག སུད་ཝི་སུ་སྐུ་ཚབ་དོན་གཅོད་ཁང་དང་ཚེ་རིང་དབང་འདུས་ལགས་བཅས་ཀྱིས་མཉམ་འབྲེལ་ཐོག་ནས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མི་ཤར་ལེ-བྷ་ཆི་ལི(Michelle Bachelet)་ལ་ཤོག་ལེབ་གཉིས་ཅན་གྱི་སྙན་ཞུ་ཞིག་ཀྱང་ཕུལ་འདུག

སྙན་ཞུ་དེའི་ནང་དུ་དབང་འདུས་ལགས་ཀྱིས་འདི་ལྟར་བརྗོད་འདུག ད་ལྟར་ང་ཚོ་ཚང་མར་ཏོག་དབྱིབས་གཉན་སྲིད་༡༩་པ་དབང་གིས་དཀའ་ངལ་འཕྲད་བཞིན་ཡོད། དེ་ནི་རྒྱ་གཞུང་གིས་དང་ཐོག་ནས་ཏོག་ནད་ཁྱབ་གདལ་འགྲོ་བར་མཚམས་འཇོག་བྱས་མེད་རྐྱེན་རེད། རྒྱ་གཞུང་གིས་ནད་ཡམས་དེའི་ཉེན་ཚབས་རྟོགས་བཞིན་དུ་འཛམ་གླིང་ལ་རྫུན་བཤད་ཡོད། རྒྱ་གཞུང་གི་རྫུན་བཟོ་ལ་བརྟེན་ནས་འཛལ་གླིང་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། བོད་མི་ཚོས་འཛམ་གླིང་ལ་རྒྱ་གཞུང་གིས་བོད་ནང་དུ་ཅི་ཞིག་བྱས་ཡོད་པ་དེ་རྒྱལ་སྤྱིར་ཆག་སྒོ་ཆེན་པོ་ཆགས་སྲིད་པ་རེད་ཅེས་ཉེན་བརྡ་ཐེངས་མང་བཏང་ཡོད། གལ་སྲིད་འཛམ་གླིང་གིས་དེའི་ཐོག་ལ་དོ་སྣང་དང་ལག་བསྟར་བྱས་ཡོད་ཚེ། ད་ལྟའི་ནད་ཡམས་དེའང་འགོག་ཐབས་ཐུབ་ཡོད་སྲིད། དེར་བརྟེན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་རྒྱ་གཞུང་ལ་ཏོག་ནད་ཐད་འགན་ཁུར་བཅུག་དགོས་པའི་འབོད་སྐུལ་ཞུས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།