19
Fri, Apr

༢༠༡༩ལོའི་ཟླ་༩་ཚེས་༡༣་ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་གཙུག་ལག་ཁང་དུ། ཚོགས་པ་ལྔ་ཡིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༡༣་ཉིན། བཞུགས་སྒར་རྡ་སའི་གཙུག་ལག་ཁང་དུ། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་ལ་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་སླད། བོད་པའི་ཚོགས་པ་ལྔ་ནས་བརྟན་བཞུགས་བསྟར་འབུལ་གཟབ་རྒྱས་ཞིག་ཕུལ་སོང་། དེའི་སྐབས༸གོང་ས་མཆོག་གིས། བོད་རིགས་རྒྱ་ཆེའི་མི་མང་གིས་རང་ཉིད་བོད་པ་ཡིན་བསམས་པའི་འདུ་ཤེས་ཐོག་ནས། སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་། ལྷག་བསམ། སྙིང་སྟོབས་ཞུམ་པ་མེད་པར་བསྡད་ཡོད་པ་རེད། བརྟན་བཞུགས་ངོ་མ་ནི་དེ་རེད། ཅེས་བཀའ་སྩལ་སོང་།

དེ་ཡང་། གཙུག་ལག་ཁང་དུ་བླ་ཆེན་ཁག་གཙོ་པས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། རྡ་ས་གཡས་གཡོན་གྱི་དགོན་པ་ཁག་གི་གྲྭ་པ་དང་བཙུན་མ། མི་མང་བཅས་མི་གྲངས་སྟོང་ཕྲག་ལྷག་ལྷན་འཛོམས་ཐོག རྒྱ་གར་དང་འབྲུག་བཅས་ཀྱི་བོད་པའི་ཚོགས་པ་དང་། ཤང་དགའ་ལྡན་ཆོས་འཁོར་གླིང་། སྤྱི་མཐུན་མཉམ་སྦྲེལ། སྨར་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་སྟོད་ཆུ་བཞི་སྒང་དྲུག ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་ ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེ་ཡང་བརྟན་བཞུགས་འདིའི་ཐོག་མར༸གོང་ས་མཆོག་གིས་གསུང་དོན། བརྟན་བཞུགས་འབུལ་མཁན་ཚོས་བོད་རྒྱ་ཆེན་མི་མང་གི་ཚབ་བྱས་ཏེ་འབུལ་བཞིན་ཡོད་རེད། དེར་ཐུགས་རྗེ་ཞུ་རྒྱུ་ཡིན། ང་ཚོ་ད་ལྟར་དཀའ་ངལ་ཆེན་པོའི་དུས་ཚོད་ལ་སླེབས་བསྡད་ཡོད་ཀྱང་། ཕྱོགས་གཅིག་ནས་ང་ཚོར་བདེན་པ་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་བྱེས་ཀྱི་མི་མང་གིས་རང་ཉིད་བོད་རིགས་ཡིན་བསམས་པའི་འདུ་ཤེས་ཐོག་ནས། སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་། ལྷག་བསམ། སྙིང་སྟོབས་ཞུམ་པ་མེད་པར་བསྡད་ཡོད་པ་རེད། བརྟན་བཞུགས་ངོ་མ་ནི་དེ་རེད། ང་ཚོ་གཞིས་བྱེས་མི་མང་ཚོས་ལྷག་བསམ་གཅིག་ཏུ་སྒྲིམ་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པ་བྱས་ནས་བསྡད་པ་རེད། དེ་རིང་བརྟན་བཞུགས་འབུལ་མཁན་ཚོས་བོད་རྒྱ་ཆེ་མི་མང་གི་ཚབ་བྱས་ནས་འབུལ་གྱི་ཡོད་རེད། བོད་སིལ་བུ་ཐོར་སྐབས། མདོ་དབུས་ཁམས་གསུམ་ཁ་ཐོར་པ་རེད། ད་ལྟ་ང་ཚོར་དཀའ་ངལ་འཕྲད་ཡོད་ཀྱང་། མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་གཅིག་སྒྲིལ་བྱས་ནས་བསྡད་ཡོད། ཅེས་གསུངས་སོང་།

དེ་ནས། ཁོང་གིས་ནང་པའི་ཆོས་འདི་ཚན་རིག་དང་མཐུན་གྱི་ཡོད་ཅིང་། དམིགས་བསལ་ཚད་མ་རིག་པ་ནི་ཚན་རིག་པ་དང་མཉམ་དུ་འགྲོ་ཐུབ་ཀྱི་ཡོད། ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་གལ་ཆེན་པོ་རེད། དེས་འཛམ་གླིང་སྤྱིར་ཕན་ཐོགས་ཐུབ་ཀྱི་རེད་ཅེས་སོགས་གསུངས་སོང་།

བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། ཅེས་སོགས་ཀྱིས་ཚེ་འགུགས་དང༌། རྡོར་སློབ་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ། བུམ་པ། ཚེ་འབྲང༌། ཚེ་རིལ། ཚེ་ཆང་། ཚེ་མདའ། བཞུགས་གདན་རྡོ་རྗེ་རྒྱ་གྲམ་རྣམས་ཚིག་བསྟུན་གྱིས་ཕུལ། དེ་ནས་གསོལ་འདེབས་མཎྜལ་རྒྱས་པའི་སྐབས། དབུ་བཞུགས་རྡོར་སློབ་མཆོག་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་འཐུས་མི་ལྔ་ནས་ཟུར་འདེགས་ཞུ། ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན། གསུང་རྟེན། ཐུགས་རྟེན། སྣམ་སྦྱར། བླ་གོས། མཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། འཁར་གསིལ་བཅས་རིམ་པར་ཕུལ་སོང་།

བརྟན་བཞུགས་བསྟར་འབུལ་གྲུབ་རྗེས། སླར་ཡང་།༸གོང་ས་མཆོག་གིས་གསུང་དོན། ངོས་ལ་དུས་དུས་སུ་སྨན་པས་བརྟག་དཔྱད་བྱེད་ཀྱི་ཡོད་རེད། ཉེ་ཆར་ཡང་། དཔྱད་བརྟག་ཆ་ཚང་ཞིག་བྱས་པ་རེད། གཟུགས་པོ་ཞེ་དྲག་ཡག་པོ་འདུག ད་ལྟར་བོད་བསྟན་སྲིད་ཉག་ཕྲའི་དུས་སུ་ངོས་ཚེ་རིང་པོ་མ་བསྡད་ན་འགྲིག་མ་སོང་བསམས་ནས་སེམས་ཤུགས་སྐྱེས་བཞིན་ཡོད། གཟུགས་པོའི་ཆ་ནས་སྨན་པས་ཡག་ཏུ་ཕྱིན་འདུག་ལབ་སོང་། ངོས་རང་སེམས་ཤུགས་འདྲ་སྐྱེས་བསྡད་ཡོད། ལོ་བརྒྱ་ཕྲག་ཁ་ཤས་འཚོ་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད་ལ། ཕལ་ཆེར་འཚོ་ཐུབ་ཀྱི་རེད། དེར་བརྟེན། ཚང་མས་བློ་བདེ་བོ་བྱེད་ནས་སྡོད་ཨ་ཞེས་གསུངས་སོང་།

སྤྱིར་བརྟན་བཞུགས་བསྟར་འབུལ་གྱི་གྲ་སྒྲིག་ནི་ཉིན་ལྔའི་སྔོན་ནས་བྱས་ཡོད་པ་འདི་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ ནས་ ༡༣ བར་ཉིན་ལྔའི་རིང་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སྨིན་གྲོལ་གླིང་དང༌། རྣམ་རྒྱལ་གྲྭ་ཚང་དང༌། རྒྱུད་སྟོད་གྲྭ་ཚང་དང་། ཀིརྟི་བྱེས་པ་གྲྭ་ཚང་བཅས་ཀྱི་ཆོག་གྲྭ་དང༌། རྡོ་རྫོང་བྱང་ཆུབ་ལྗོངས་དང༌། བསྙེན་མཚམས་པ་ཁག་གཅིག་བཅས་དགེ་འདུན་ཞལ་གྲངས་༡༥༡་སྐོར་ནས་སྐུ་ཚེ་ཚེ་སྒྲུ་སྔོན་དུ་བཏང་ཏེ། ཕྱི་ལོ་༢༠༡༩་ ཟླ་ ༩ ཚེས་ ༡༣ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བརྟན་བཞུགས་དངོས་གཞི་བསྟར་འབུལ་ཞུས་པ་ཞིག་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།