20
Sat, Apr

༢༠༢༠་ལོའི་ཟླ་༩་ཚེས་༡༧ཉིན། ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་ཌིའི་སྐྱེས་སྐར་ལ་འཚམས་འཕྲིན་སྩལ་འདུག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༡༧ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གི་སྐྱེས་སྐར་ལ་འཚམས་འཕྲིན་ཞིག་སྩལ་འདུག དེའི་ནང་དུ་སྲིད་བློན་མོ་ཌི་དགུང་ལོ་༧༠་ལ་ཕེབས་པའི་སྐྱེས་ཀར་འཚམས་འདྲི་དང་སྦྲགས་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་འདུག

དེ་ཡང་། འཚམས་འཕྲིན་དེའི་ནང་དུ། སྐུ་ཉིད་དགུང་ལོ་ ༧༠་ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་འཚམས་འདྲི་ཞུ་རྒྱུ་དང་། སླད་མར་ཡང་སྐུ་གཟུགས་སྔར་རྒྱུན་བཞིན་བདེ་ཐང་ཡོང་བའི་སྨོན་འདུན་ཡོད། ད་ལོའི་ལོ་འདིར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་འཛམ་གླིང་གང་སར་དཀའ་ཚེགས་ཤིན་ཏུ་ཆེན་པོ་བྱུང་ཡོད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་མཉམ་རུབ་ཀྱིས་འབད་བརྩོན་བྱས་ན་མི་རིང་བར་ནད་ཡམས་ཁྱབ་བརྡལ་འགོག་ཐུབ་པ་མ་ཟད། འགོག་ཁབ་ཚད་ལྡན་ཞིག་ཀྱང་བཟོ་སྐྲུན་ཐུབ་པའི་རེ་བ་ཡོད། རྒྱ་གར་ནང་དབུས་སའི་གཞུང་གིས་མི་མང་གི་དཀའ་སྡུག་ལ་གདོང་ལེན་བྱེད་ཐབས་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད་ལ། ཁྱེད་ཀྱིས་དཀའ་ངལ་ལ་གདོང་ལེན་གནང་ཐབས་ཀྱི་འཆར་གཞི་བཀོད་འདོམས་གནང་ཕྱོགས་ལ་ཡི་རངས་བསྔགས་བརྗོད་ཡོད། ཅེས་གསུངས་འདུག

དཀའ་ངལ་འདིའི་རྐྱེན་གྱིས་ལུས་སེམས་ཀྱི་འཕྲོད་བསྟེན་ཙམ་མ་ཟད། འཛམ་གླིང་གི་ཕྱོགས་གང་སར་འཚོ་བའི་དཀའ་ངལ་དང་། ཕྲུ་གུའི་སློབ་སྦྱོང་ལ་དོ་ཕོག་དང་བར་ཆད་བྱུང་ཞིང་། དེ་ལ་བརྟེན་ནས་མི་མང་པོར་སེམས་ཁྲལ་དང་འདུག་བཟོད་མ་བདེ་བ་བཟོས་ཡོད། རྐྱེན་ངན་རུ་འཛིང་བའི་སྐབས་གདོང་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་འདྲི་མཁན་ཡང་ཡང་ཡོང་གི་འདུག་པ་ལ་དཀའ་ངལ་གང་འདྲ་ཞིག་ཡིན་རུང་དེ་ལ་དངོས་ཡོད་གནས་ཚུལ་གང་ཡིན་ཕྱོགས་ཡོང་ནས་བལྟ་དགོས་ཚུལ་བསམ་འཆར་བཤད་ཀྱི་ཡོད། དེ་ཡང་། དུས་རབས་བརྒྱད་པའི་ནང་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བའི་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་དཀའ་ངལ་ཅི་འདྲ་ཞིག་ཡིན་ནའང་ཐོག་མར་དེ་སེལ་ཐབས་ཡོད་མེད་བལྟས་ཏེ། གལ་ཏེ་ཡོད་ན་དེ་ལ་འབད་དགོས་པ་དང་། གལ་ཏེ་སེལ་ཐབས་མེད་ན་སེམས་ཁྲལ་བྱས་ཀྱང་ཕན་པ་མེད་པར་གསུངས་པ་དེ་ཡིད་ལ་དྲན་པར་བྱེད་ཀྱི་ཡོད། ཅེས་འཁོད་འདུག

ངེས་གཏན་མེད་པའི་དུས་ཚོད་འདི་ལྟ་བུའི་སྐབས་སུ་ཞི་བདེ་ལྷིང་འཇགས་དང་མཉམ་མཐུན་གྱི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས་ན། གཞན་གྱི་དཀའ་ངལ་ལ་སེམས་ཁུར་ལེན་པའི་སྙིང་རྗེ་(ཀ་རུ་ཎཱ་)རྩ་བར་བྱས་པའི་རྒྱ་གར་གྱི་གནའ་བོའི་འཚེ་བ་མེད་པའི་(ཨ་ཧིཾ་སཱའི་)རིག་གཞུང་དེ་འོས་ཤིང་འཚམ་པ་ཙམ་དུ་མ་ཟད། དགོས་ངེས་ཅན་ཞིག་ཏུ་གྱུར་ཡོད། ཅེས་གསུངས་འདུག

བོད་མི་རྣམས་ཀྱིས་གནའ་སྔ་མོ་ནས་རྒྱ་གར་ལ་འཕགས་པའི་ཡུལ་དུ་འབོད་ཅིང་བརྩི་མཐོང་ཆེ་བ་མ་ཟད། འདས་པའི་ལོ་ངོ་ ༦༡ རིང་བཙན་བྱོལ་བོད་མི་རྣམས་ཀྱི་ཕ་ཡུལ་གཉིས་པའང་ཡིན་པས། གོ་སྐབས་འདི་བརྒྱུད་བསྐྱར་དུ་རྒྱ་གར་གཞུང་དང་མི་མང་གིས་ང་ཚོ་ལ་བརྩེ་སེམས་དང་ལྡན་པས་མཐུན་འགྱུར་རོགས་མགོན་རྒྱ་ཆེར་གནང་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་འཚམས་འཕྲིན་ནང་དུ་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།