20
Sat, Apr

འབྲུག་གི་རྒྱལ་ཡོངས་བདེ་སྐྱིད་ཕྱོགས་བསྡོམས།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༡༨་ཉིན་སྤེལ། བོད་དང་ཐག་ཉེ་བའི་འབྲུག་གི་རྒྱལ་ཁབ་ནི། དེང་གི་ཁོར་ཡུག་གཏོར་བཅོམ་དང་འབགས་བཙོག་ཆེས་ཉུང་བའི་རྒྱལ་ཁབ་ཅིག་ཡིན། ད་དུང་རྒྱལ་ཁབ་གཞན་དུ་མེད་པའི་འབྲུག་རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་ཚད་འཇལ་སྟངས་ནི་དམིགས་བསལ་ཞིག་ཡིན་ཞིང་། དེ་ནི་མི་མང་ལ་བདེ་སྐྱིད་ཀྱི་ཚད་ག་ཚོད་ཡོད་མེད་ལ་བལྟས་ཏེ་ཚད་འཇལ་གྱི་ཡོད་འདུག

དེ་ཡང་། འབྲུག་གི་རྒྱལ་ཡོངས་བདེ་སྐྱིད་ཕྱོགས་བསྡོམས་(Gross National Happiness)ཞེས་པ་དེ་ནི། འབྲུག་གི་རྒྱལ་པོ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་གསར་གཏོད་གནང་བ་ཞིག་ཡིན་པ་དང་། དེ་ནི་མི་མང་ལ་བདེ་སྡུག་ཅི་ཙམ་ཡོད་མེད་ཀྱི་ཚད་འཇལ་བྱེད་ཅིག་ཡིན་འདུག རྒྱལ་ཡོངས་བདེ་སྐྱིད་ཕྱོགས་ཞེས་པ་དེ་ནི་མི་མང་ལ་དགོད་སྒྲ་དང་འཛུམ་མདངས་ག་ཚོད་ཡོད་མེད་དེར་དམིགས་ཀྱི་མེད་པར་མི་མང་ལ་ཚིམ་སྣང་དང་ཆོག་ཤེས་སོགས་ཅི་ཙམ་ཡོད་མེད་ཡིན་ཞེས་འབྲུག་གི་སྲིད་བློན་བློ་གྲོས་ཚེ་རིང་མཆོག་གིས་གསུངས་འདུག

འབྲུག་གི་སྲིད་བློན་བློ་གྲོས་ཚེ་རིང་མཆོག་གིས་རྒྱལ་ཡོངས་བདེ་སྐྱིད་ཕྱོགས་བསྡོམས་ཞེས་པའི་སྐོར་རྒྱལ་སྤྱིའི་གསར་ཁང་སེ་ཨན་ཨན(CNN)་ལ་འགྲེལ་བརྗོད་བྱས་དོན། རྒྱལ་ཡོངས་བདེ་སྐྱིད་ཕྱོགས་བསྡོམས་ནི་ཧ་ཧ་དང་ཧོ་ཧོ(དགོད་སྒྲ)་ཁོ་ནའི་ཆེད་དུ་མ་རེད། དེ་ནི་མི་མང་ལ་ཆོག་ཤེས་དང་། སེམས་ལ་སྟངས་འཛིན་བྱེད་ཐུབ་པ། འདོད་རྔམ་ལ་སྟངས་འཛིན་བྱེད་ཐུབ་པ། མི་གཞན་ལ་ཕྲག་དོག་མི་བྱེད་པ། རང་ཉིད་ལ་གང་ཡོད་པ་དེར་ཆོག་ཤེས་བྱེད་པ། བྱམས་བརྩེ་དང་ལྡན་པར་བྱེད་དགོས་པ། མཉམ་སྤྱོད་ལ་དགའ་བའི་སྤྱི་ཚོགས་ཤིག་བྱེད་དགོས་པ་དེ་ཡིན། ཞེས་འབྲུག་རྒྱལ་ཡོངས་ཀྱི་བདེ་སྐྱིད་ལ་ཚད་ཇི་ལྟར་འཇལ་གྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག ད་དུང་ཁོས་མུ་མཐུད་ནས་བརྗོད་དོན། ང་ཚོའི་རྒྱལ་པོ་ཡིས་རྒྱལ་ཡོངས་བདེ་སྐྱིད་ཕྱོགས་བསྡོམས་ནི་གོང་གི་རིན་ཐང་དང་ལྷན་དུ་ཡར་རྒྱས་གཏོང་དགོས་པར་གསུང་གི་ཡོད། དེར་བརྟེན། སྲིད་བྱུས་ག་འདྲ་ཞིག་ཡིན་ནའང་། བདེ་སྐྱིད་འབྱུང་བའི་སྲིད་བྱུས་ཤིག་དང་། ཁོར་ཡུག་ལ་ཕན་ཐོགས་པའི་སྲིད་བྱུས། འབྲུག་མི་མང་གི་བདེ་སྡུག་ལ་ཕན་པའི་སྲིད་བྱུས་ཤིག་མིན་ན། སྲིད་བྱུས་དེ་འབྲུག་གི་ནང་དུ་ནམ་ཡང་ངོས་ལེན་བྱེད་མི་སྲིད། ང་ཚོས་ནམ་ཡང་སྒེར་གྱི་ཁེ་ཕན་དེ་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་སྔོན་དུ་འཇོག་གི་མ་རེད། ཅེས་གསུངས་འདུག

འབྲུག་རྒྱལ་ཡོངས་བདེ་སྐྱིད་ཕྱོགས་བསྡོམས་ནི། འབྲུག་གི་ཞིབ་འཇུག་ལྟེ་བ་ཞེས་པའི་ཞིབ་འཇུག་ཁང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཁོ་ཚོས་མི་མང་ལ། ཁྱོད་ཚོར་ཁ་སང་ཚོར་བ་ག་འདྲ་བྱུང་སོང་། རྒྱུན་དུ་སྒོམ་ཉམས་ལེན་ཅི་ཙམ་བྱེད་ཀྱི་ཡོད་དམ། ཞེས་འདྲི་བཞིན་ཡོད་འདུག

ཞིབ་འཇུག་པ་ཚོས་ལོ་ལྔ་རེར་ཞིབ་འཇུག་ཐེངས་རེ་བྱེད་ཀྱི་ཡོད་པ་དང་། ད་བར་དུ་༢༠༡༠་ལོར་གཅིག་དང་༢༠༡༥་ལོར་གཅིག་ཅེས་ཞིབ་འཇུག་ཐེངས་གཉིས་བྱས་འདུག ཁོ་ཚོས་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ནི་དོན་ཚན་དགུ་ལ་གཞི་བཞག་སྟེ་ཞིབ་འཇུག་བྱེད་ཀྱི་འདུག དེ་ཡང་སེམས་ཁམས་ཀྱི་བདེ་ཐང་དང་། འཕྲོད་བསྟེན། ཤེས་ཡོན། གཞུང་གི་འཛིན་སྐྱོང་བཟང་པོ། སྐྱེ་ཁམས་ཁོར་ཡུག དུས་ཚོད་སྟངས་འཛིན། སྤྱི་ཚོགས་ཀྱི་ནུས་ཤུགས། རིག་གཞུང་། འཚོ་བའི་གནས་ཚད་བཅས་གཞིར་བཟུང་སྟེ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༡༥་ལོའི་ཞིབ་འཇུག་གི་ནང་དུ། འབྲུག་གི་མི་མང་༧༠༠༠་ལྷག་ལ་ཞིབ་འཇུག་བྱས་པའི་མཇུག་འབྲས་སུ། འབྲུག་ནང་དུ་ཕྱིའི་དངོས་པོའི་ཐོག མི་མང་གི་འཚོ་བའི་གནས་སྟངས་དང་། ཤེས་ཡོན། འཕྲོད་བསྟེན་ལྟ་སྐྱོང་སོགས་ཀྱི་ཐོག་ལ་ཡར་རྒྱས་ཕྱིན་ཡོད་འདུག འོན་ཀྱང་། སེམས་ཁམས་བདེ་ཐང་དང་། དམིགས་བསལ་གྲོང་ཁྱེར་དུ་མི་ཕན་ཚུན་བར་གྱི་ཡིད་ཆེས་བཅས་ཉམས་རྒུད་འགྲོ་བཞིན་ཡོད་པར་བསྟན་ཡོད་འདུག དེར་བརྟེན། ༢༠༡༩་ལོའི་འཛམ་གླིང་གི་བདེ་སྐྱིད་ཆེ་ཤོས་ཀྱི་སྙན་ཐོའི་ནང་དུ། འབྲུག་ནི་འཛམ་གླིང་ནང་གི་བདེ་སྐྱིད་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་མིན་པར། འཛམ་གླིང་རྒྱལ་ཁབ་༡༥༦་ནང་ནས་ཨང་༩༥་པ་དེ་ཡིན་འདུག

དེའི་རྒྱུ་མཚན་གཙོ་བོ་ནི། འབྲུག་གི་མི་མང་མང་ཆེ་བ་ནི་ཞིང་ལས་ཀྱི་འཚོ་བར་བརྟེན་ཡོད་སྟབས། དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ འདྲ་མཉམ་གཏོང་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་འགྲེལ་བརྗོད་བྱས་འདུག

འབྲུག་གི་ཁོར་ཡུག་ནི། མཛེས་སྡུག་ལྡན་ཞིང་འཛམ་གླིང་གི་མི་མང་པོ་ཞིག་སྤྲོ་འཆམ་དུ་ཡོང་གི་ཡོད། ཁོར་ཡུག་སྲུང་སྐྱོབ་དང་བཙོག་པོ་མི་ཆགས་པའི་ཆེད་དུ། ཕྱིའི་མི་མང་པོ་འབྲུག་ཏུ་ཡོང་བར་བཀག་འགོག་བྱེད་ཀྱི་ཡོད་འདུག ཕྱི་རྒྱལ་བ་ཚོ་འབྲུག་གི་ནང་དུ་སྤྲོ་འཆམ་ལ་འགྲོ་སྐབས། ཉིན་རེར་ཨ་སྒོར་༢༥༠་སྤྲོད་དགོས་ཤིང་། དེ་བཞིན། འཛམ་གླིང་ཡོངས་ནས་འབྲུག་ནི་བཙོག་རླུང་ཚད་ཆེས་ཉུང་ཉུང་ཡོད་པ་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།