19
Fri, Apr

རྒྱ་གར་གཞུང་གིས་ལ་དྭགས་ལ་ཞིང་ཆེན་གྱི་ཚད་སྩལ་འདུག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༢ཚེས་༡༡ཉིན་སྤེལ། རྒྱ་གར་གཞུང་གིས་རྒྱ་གར་མངའ་སྡེ་ཇསྨུ་ཀ་ཤྨིར་ནང་གི་ལ་དྭགས་ལ་ཞིང་ཆེན་གྱི་ཚད་སྩལ་ཡོད་པ་དང་། ལ་དྭགས་གཞུང་མང་གཉིས་ནས་རྒྱ་གར་ད་ལྟའི་སྲིད་དབང་འཛིན་བཞིན་པའི་ཨེན་ཌི་ཨེ(NDA)གཞུང་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང། ལ་དྭགས་ལ་ཞིང་ཆེན་གྱི་ཚད་སྩལ་གནང་བ་དེས་ལ་དྭགས་གཞུང་མང་ལ་ཆབ་སྲིད་དང་ཡར་རྒྱས་གཏོང་ཕྱོགས་སོགས་ལ་ཕན་ཐོགས་ཡོད་སྐོར་བཀོད་འདུག

དེ་ཡང་། ཟླ་འདིའི་ཚེས་༨ཉིན་གནས་ཚུལ་སྤེལ་བ་ལྟར་ན།ལ་དྭགས་ལ་རྒྱ་གར་གཞུང་གིས་མངའ་སྡེ་ཇསྨུ་ཀ་ཤྨིར་ནང་ནས་ཞིང་ཆེན་གྱི་ཚད་དང་མཉམ་པའི་གོ་གནས་སྤྲད་ཡོད་པ་དང་། སྔོན་ནས་ལ་དྭགས་ལ་ཡོ་ཎན་མངའ་ཁུངས(Union Territory) དགོས་པའི་རེ་འབོད་བྱས་ཡོད་པ་དང་། ཐེངས་འདིར་ལ་དྭགས་ལ་ཞིང་ཆེན་གྱི་ཚད་སྤྲད་པ་དེ་ཡོ་ཎན་མངའ་ཁུངས(Union Territory) ཕྱོགས་སུ་འགྲོ་བའི་གོམ་བཟང་ཞིག་སྤོས་ཡོད་པ་བརྗོད་འདུག

གླེ་ལ་དྭགས་ནང་གི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་དང་འབྲེལ་ཡོད་མི་སྣ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་གཤམ་དུ་བཀོད་ཡོད།

རྒྱ་གར་གཞུང་གིས་རྒྱལ་ཁག་ཇསྨུ་ཀ་ཤྨིར་ནང་སྲིད་འཛིན་གི་དབང་སྲུལ་སྐབས་ལ་དྭགས་ལ་ཞིང་ཆེན(Divisional Status) གྱི་ཚད་སྩལ་བྱས་ལ། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ལྔ་པ་གླེའི་སྡེ་དཔོན། སྡེ་དཔོན་གཞོན་པ། འཛིན་སྐྱོང་ལྷན་རྒྱས། སྤྱི་འཐུས་ལྷན་རྒྱས་དང་གཞུང་གི་དཔོན་པོ་དང་ལས་བྱེད་བ་ཡོངས་ཀྱིས་ལ་དྭགས་ཡོངས་ཀྱི་མི་མང་ཚང་མའི་ཚབ་ཞུས་ཏེ་རྒྱ་གར་རྒྱལ་ཁབ་ཆེན་པོའི་སྲིད་བློན་དཔལ་ནརེནྡྲ་མོ་དཱི་གཙོས་པའི་དབུས་གཞུང་གི་ཨེན་ཌི་ཨེ(NDA)གཞུང་། རྒྱལ་ཁག་ཇསྨུ་ཀ་ཤྨིར་གྱི་འཛིན་སྐྱོང་(Governor) དཔལ་སཏྱ་པལ་མ་ལཱིཀ་རྒྱལ་ཁབ་གི་ཁྲིམས་བཟོ་ཚོགས་པ་གོང་མའི་གླེའི་འཐུས་མི་དཔལ་ཚེ་རིང་རྡོ་རྗེ་ལག་རུག རྒྱལ་ཁབ་ཁག་གི་སྲིད་སྐྱོང་གི་སློབ་སྟོན་པ་ཀུན། རྒྱ་གར་གྱི་འཛོམས་ར་འོག་མའི་སྤྱི་འཐུས་ཟུར་པ་དཔལ་ཐུབ་བསྟན་ཚེ་དབང་། རྒྱལ་ཁག་ཇསྨུ་ཀ་ཤྨིར་གྱི་སྤྱི་ཁྱབ་དྲུང་ཆེ་དཔལ་བཱི་ཝི་ཨར་སུབྷྲ་མནྱམ(BVB Subrahmanyam)་ཀུལ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། ལ་དྭ་ལ་ཞིང་ཆེན་གྱི་ཚད་ཐོབ་བྱས་པོ་ལ་དྭགས་ཀྱི་སྔོན་རབས་ནང་སྔར་བྱུང་བའི་ལེའུ་སོ་མ་ཞིག་གྱུར་བྱས་མ་ཚད་ལ་དྭགས་ཀྱི་དུས་ཡུན་རིང་གི་ཡུ་ཊིའི(Union Territory) འདོད་དོན་ཀུན་འགྲུབ་པའི་ཕྱོགས་ལ་གོམ་བཟང་ཞིག་སྤོས་སྟེ་ཡིན་ནོག ཡང་མ་འོངས་པའི་ལ་དྭགས་ཀྱི་ཡར་རྒྱས་དང་མི་དམངས་ཀྱི་འོས་པའི་ཐོབ་ཐང་ཀུན་དང་དཀའ་ལས་སོ་མ་ཞིག་ཀྱང་གྱུར་ཏེ་ཡིན་ནོག དེ་ཙམ་མ་ཚད་ཞིང་ཆེན་གྱི་ཚད་ཐོབ་བྱས་ནས་ལ་དྭགས་ཁ་ཅུལ་གཞུང་གི་མགོ་གནོན་ནས་ཏར་བྱས། ལ་དྭགས་ལ་སྲིད་ཀྱི་དབང་ཆ་དང་ལས་ཁག་འཛིན་སྐྱོང་གི་དབང་ཆ་ཐར་ཁྱེལ་ཐོབ་བྱས་མ་ཚད་དངོས་འཛིན་ཆེན་མོ་ཞིག་ཀྱང་ཐོབ་སྟེ་ཡིན་ནོག

ལ་དྭགས་ཀྱི་ལོ་རྒྱུས་ནང་གསེར་ཡིང་ཐོག་འབྲི་བྱས་ཀྱི་ཐག་བཅད་ཆེན་མོ་ལེན་པའི་དུས་སྐབས་བཟང་པོ་འདི་དང་བསྟུན་ཏེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གླེའི་ཕྱོགས་ན་ལ་དྭགས་ཀྱི་སེར་སྐྱ་མི་དམངས་ཡོངས་ལ་དགའ་དད་སྤྲོ་གསུམ་གྱི་ངང་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།