24
Wed, Apr

ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམ་པ་དང་ཡུ་རབ་མཐུན་གྱི་ཚོགས་གཙོ་སོགས་དང་ལྷན་དུ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༥་ཚེས་༢༢་ཉིན་སྤེལ། ཉེ་ཆར་ཉི་ཧོང་ལ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་འཛོམས་ནས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་ར་ཤི་ཡ་དང་ཡུག་ཁི་རིན་གྱི་དམག་འཁྲུག་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་འདུག དེ་བཞིན་ཁོང་ཚོས་བོད་དང་ཤར་ཏུར་ཀི་སི་ཐན་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག

དེ་ཡང་། ཨ་རི་དང་ཁེ་ཎ་ཌ། ཧྥ་རན་སུ། དབྱིན་ཡུལ། ཇར་མན། ཨི་ཊ་ལི། ཉི་ཧོང་བཅས་ལས་གྲུབ་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམས་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་མཉམ་འཛོམས་བྱས་ནས་ཁོང་ཚོའི་ལོ་འཁོར་གྱི་ཚོགས་འདུ་ཚོགས་དེ་ཕྱི་ལོ་༢༠༢༣་ཟླ་༥་ཚེས་༡༩་ནས་༢༡་བར་ཚོགས་ཡོད་འདུག

ཐེངས་འདིའི་ཚོགས་འདུ་ནང་དུ། ར་ཤི་ཡ་དང་ཡུག་ཁི་རིན་གྱི་དམག་འཁྲུག་སྐོར་དང་། རྡུལ་ཕྲན་མཚོན་ཆ་མེད་པ་དང་ཡང་བསྐྱར་མི་བཟོ་བའི་སྐོར། རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་སྐོར། ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་སྐོར། འཕྲོད་བསྟེན་དང་སློབ་སྦྱོང་གི་སྐོར། ཚན་རྩལ་སྐོར། འགྲོ་བ་མིའི་ཐོབ་ཐང་སྐོར། འཇིགས་སྐུལ་རིང་ལུགས་ཀྱི་སྐོར། ས་ཁུལ་གྱི་རྙོག་འཛིང་སྐོར་སོགས་གླེང་སློང་དང་དེ་དག་གི་དཀའ་ངལ་སེལ་ཐབས་སྐོར་གྲོས་བསྡུར་བྱས་ཡོད་འདུག

དེ་ཡང་། བོད་ནང་གི་འགྲོ་བའི་ཐོབ་ཐང་སྐོར་ནས་བརྗོད་དོན། ང་ཚོས་མུ་མཐུད་ནས་བོད་དང་ཤར་ཏུར་ཀི་ཤི་ཐན་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཡོད་པ་དེ་བརྗོད་རྒྱུ་ཡིན། དམིགས་བསལ་བཙན་འདེད་ངལ་རྩོལ་གྱི་གནས་སྟངས་ལ་སེམས་འཚབ་ཤུགས་ཆེན་ཡོད། ང་ཚོས་རྒྱ་གཞུང་ལ་ཧོང་ཀོང་ནང་དུ་གཞི་རྩའི་རང་དབང་ལ་གུས་བརྩི་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། ཅེས་བཀོད་འདུག

༧གོང་ས་མཆོག་གིས་རྒྱལ་ཁབ་བདུན་གྱི་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུའི་འབོད་སྐུལ་ལ་དགའ་བསུ་གནང་འདུག ཁོང་གིས་གསུང་དོན། ངོས་ལ་མཚོན་ན་འཛམ་གླིང་ཁྱོན་ཡོངས་སུ་དམག་འཁྲུག་དང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་ལས་གཞི་འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ཕྱི་ལོ་༢༠༢༢ ཟླ་ ༡ ནང་རྡུལ་ཕྲན་མཚོན་ཆ་ཡོད་མཁན་རྒྱལ་ཁབ་ལྔ་ཡིས་རྡུལ་ཕྲན་མཚོན་ཆའི་དམག་ལ་རྒྱལ་ཁ་སུ་ལའང་མེད་པས་དམག་ནམ་ཡང་བཀྱེ་རྒྱུ་མིན་པའི་ཐུན་མོང་གི་དམ་བཅའ་བཞག་པར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་བྱུང་། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།