16
Tue, Apr

འཛམ་གླིང་ནང་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་ཁག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༥་ཚེས་༣ཉིན་སྤེལ། ཉེ་ཆར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཀྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་ཅིང་། དེའི་ནང་དུ་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་ལ་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པ་མ་ཟད་ད་དུང་ཤུགས་ཆེ་རུ་བཏང་ཡོད་སྐོར་དང་། བོད་མི་རྣམས་ཆོས་ཞུ་བ་དང་གནས་སྐོར་འགྲོ་བར་བཀག་དམ་དང་དགོན་པ་དང་སྐུ་བརྙན་གཏོར་བཤིག་བཏང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

དེ་ཡང་། འདི་ལོའི་ཟླ་༥་ཚེས་༡ཉིན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འཛམ་གླིང་ནང་གི་ཆོས་དད་རང་དབང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་འདུག སྙན་ཐོ་དེའི་ནང་དུ་ཨ་ཧྥི་གྷ་ནི་སི་ཐན(Afghanistan)་དང་རྒྱ་ནག ཁུ་བྷ་(Cuba), ཨི་རན་(Iran)། ནི་ཁ་ར་གྷུ་(Nicaragua)། ཨུ་རུ་སུ་(Russia)་བཅས་ནི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་མཁན་ཚབས་ཆེ་ཤོས་གྲས་ཡིན་པར་འགྲེལ་བརྗོད་བྱས་འདུག་ཅིང་། ཨ་རིའི་གཞུང་ནས་རྒྱལ་ཁབ་དེ་དག་ནང་ཆོས་དད་རང་དབང་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

སྙན་ཐོ་དེའི་ནང་འཁོད་དོན། ཕྱི་ལོ་༢༠༢༢་ནང་རྒྱ་ནག་དུ་ཆོས་དད་རང་དབང་གི་གནས་སྟངས་ཛ་དྲག་ཆེ་རུ་ཕྱིན་འདུག་པ་དང་། རྒྱ་གཞུང་གིས་མུ་མཐུད་ནས་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་མུ་མཐུད་ནས་ལག་བསྟར་བྱེད་བཞིན་པ། ཆོས་ལུགས་ཚོགས་པ་ཚོས་རྒྱ་དམར་སྲིད་གཞུང་གི་ལྟ་བ་དང་སྒྲིག་ཁྲིམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་དགོས་འདུན་བཏོན་འདུག རྒྱ་གཞུང་གིས་ནང་ཆོས། གནམ་བདག་ཆོས་ལུགས། ཁ་ཆེའི་ཆོས་ལུགས། ཡི་ཤུའི་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་བཅས་ངོས་འཛིན་བྱེད་ཀྱི་ཡོད་རུང་། ཕྱི་རྒྱལ་དང་འབྲེལ་དོགས་པའི་ཡུ་གུར་བ་དང་གཞན་ཁ་ཆེ་བ། བོད་མི་སོགས་ལ་དྲག་གནོན་དམིགས་བསལ་བྱེད་ཀྱི་ཡོད་སྐོར་གསལ་འདུག

ཆོས་དད་རང་དབང་གི་སྙན་ཐོ་དེའི་ནང་དུ་ད་དུང་འཁོད་དོན། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་ལ་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པ་མ་ཟད་ད་དུང་ཤུགས་ཆེ་རུ་བཏང་ཡོད་སྐོར་དང་། བོད་མི་རྣམས་ཆོས་ཞུ་བ་དང་གནས་སྐོར་འགྲོ་བར་བཀག་དམ་དང་དགོན་པ་དང་སྐུ་བརྙན་གཏོར་བཤིག་བཏང་ཡོད་སྐོར། བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་ཉར་བ་སོགས་བྱས་ན་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་ཡོད་སྐོར། སྒོ་ཤེས་རབ་རྒྱ་མཚོ་དང་རིན་ཆེན་ཚུལ་ཁྲིམས་གཙོས་པའི་བོད་པའི་དགེ་འདུན་པ་དང་བཙུན་མ་རྣམས་ལ་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་བཏང་ནས་གཟུགས་པོ་སྐྱོ་བོ་ཆགས་ཡོད་པ་དང་། ཁོ་ཚོར་རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ལྟ་བ་སློབ་སྦྱོར་སྤྲད་དང་སྤྲོད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་འདུག

གཞན་ཡང་། སྙན་ཐོ་དེའི་ནང་དུ། རྒྱ་གཞུང་གིས་མུ་མཐུད་ནས་༧གོང་ས་མཆོག་གི་ཡང་སྲིད་ཐད་ལ་ཐེ་གཏོགས་བྱེད་བཞིན་འདུག དེར་བརྟེན། ཕྱི་ལོ་༢༠༢༢་ནང་དུ་མ་མཐའ་ཡང་བོད་མི་གསུམ་གྱིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མར་བསྲེགས་བཏང་ཡོད་སྐོར་དང་། རྒྱ་གཞུང་གིས་ད་དུང་བོད་མི་ཚོའི་ཆོག་མཆན་མེད་པ་ཁོ་ཚོའི་རིགས་རྫས་འབོར་ཆེན་བསྡུ་ལེན་བྱས་པ་སོགས་ཀྱི་སྐོར་ཐེར་འདོན་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།