24
Wed, Apr

ཕྱི་ལོ་༢༠༢༣ ཟླ་༣ ཚེས་༢༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཝུ་ཀྲའོ་ཤེད་ (Jaushich Joseph Wu) མཆོག་དང་མཇལ་འཕྲད་གནང་ཡོད་འདུག པར། བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༣༡ཉིན་སྤེལ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་གཉིས་ཀྱིས་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་དང་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་སོགས་ལ་མཇལ་འཕྲད་གནང་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་ཀྱི་གནས་སྟངས་སྐོར། ཐེ་ཝན་དུ་གནས་ཡོད་པའི་བོད་མིའི་དཀའ་ངལ་སྐོར་བཅས་ཀྱི་ཐོག་ལ་གླེང་སློང་གནང་ཡོད་འདུག

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་སློན་ནོར་འཛིན་སྒྲོལ་མ་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཕྱི་ལོ་༢༠༢༣ ཟླ་༣ ཚེས་༢༧ ནས་ཕྱི་ཟླ་༤ ཚེས་༢ བར་ཐེ་ཝན་དུ་གཞུང་དོན་འཚམས་གཟིགས་ཕེབས་བཞིན་ཡོད་ཅིང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཝུ་ཀྲའོ་ཤེད་ (Jaushich Joseph Wu) མཆོག་དང་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཡུག་ཤེས་ཁོན་(You Si-Kun) མཆོག གཞན་ཡང་ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་སྐུ་ཞབས་ཧོང་ལིང་ཡུས་ (Huang Yulin) མཆོག་སོགས་མཇལ་འཕྲད་གནང་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན། བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཝུ་ཀྲའོ་ཤེད་ (Jaushich Joseph Wu) མཆོག་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར། བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་བཅས་རྩ་མེད་ཇི་ལྟར་གཏོང་བཞིན་པའི་སྐོར་དང་། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། ཐེ་བོད་གཉིས་རྒྱ་ནག་དམར་ཤོག་གི་གདུག་རྩུབ་ཅན་གྱི་གཞུང་གིས་མནར་གཅོད་དང་རྡུང་རྡེག འཇིགས་སྐུལ་ཐེབས་མཁན་ཡིན་པའི་ཆ་ནས་ཐུན་མོང་གི་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་སྐོར་གླེང་ཡོད་འདུག

དེ་ནས་ཐེ་ཝན་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་དགེ་འདུན་པ་དང་། རྒྱ་ཡིག་སློབ་གཉེར་བྱེད་མཁན་བོད་ཕྲུག་རྣམས་ལ་མཐོང་མཆན་གྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཐབས་དང་། བོད་པའི་སློབ་ཕྲུག་རྣམས་ལ་རྒྱ་ཡིག་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཙམ་མིན་པར་ལག་འཁྱེར་ཡོད་པའི་སློབ་ཚན་ཐོག་སློབ་སྦྱོང་གི་མཐོང་མཆན་གནང་ཐབས་ཀྱི་དགོངས་བཞེས་གནང་ཐབས་ཡོང་བ་སོགས་ཞུས་གནང་ཡོད་འདུག ཐའེ་ཝན་ནི་རྒྱལ་སྤྱིའི་ནང་མིག་དཔེ་འོས་པའི་མང་གཙོ་ཅན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཇི་ཙམ་གནང་ཐུབ་ན་ཐའེ་ཝན་རང་ཉིད་ལའང་རྒྱལ་སྤྱིའི་ཐོག་མཐོང་ཆེ་རུ་འགྲོ་རྒྱུའི་དགེ་མཚན་ཡོད་སྐོར་གསུངས་འདུག དེ་ནས་ཐེ་ཝན་གྱི་ཕྱི་སྲིད་བློ་ཆེན་མཆོག་གིས་ཐེ་ཝན་ནས་བོད་ཀྱི་གནད་དོན་ཐད་དུས་རྒྱུན་དུ་དོ་སྣང་དང་སེམས་ཁུར་ཆེན་པོ་གནང་བཞིན་ཡོད་ཅེས་དང་། ཐེ་ཝན་དུ་ཡོད་པའི་བོད་མི་ཚོར་མཐོང་མཆན་གྱི་དཀའ་ངལ་སེལ་ཕྱོགས་སྐོར་སྲིད་བློན་ལས་ཁུངས་ཀྱི་འབྲེལ་ཡོད་སྲིད་དོན་འགོ་འཛིན་ནས་ལྷན་ཁང་ཁག་དང་འབྲེལ་བ་གནང་སྟེ་དཀའ་ངལ་སེལ་ཕྱོགས་ཀྱི་ཐབས་ལམ་བཙལ་དང་འཚོལ་མུས་ཡིན་པ་དང་། ཕྱི་སྲིད་ལས་ཁུངས་ནས་ཀྱང་དུས་ཚོད་ཕྲན་བུ་འགོར་སྲིད་ཀྱང་། དཀའ་ངལ་སེལ་ཕྱོགས་སྐོར་ད་དུང་སྲིད་བློན་ལས་ཁུངས་དང་མུ་མཐུད་འབྲེལ་བ་གནང་སྟེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་ཞུ་རྒྱུའི་འགན་ལེན་གཙང་མ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག

གོང་ཚེས་ཉིན་གྱི་ཉིན་རྒྱབ། བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡུག་ཤེས་ཁོན་ (You Si-Kun) མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལིང་ཁྲང་ཙོ་ (Feddy Lim) མཆོག ཚོགས་གཞོན་ཧུང་ཧྲིན་ཧན་ (Sun Han-Hung) མཆོག ཐའེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཝང་ཏིང་ཡུས་ (Wang Ting-yu) མཆོག ཐའེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ཁྲིན་ཅའོ་ཧྭ་ (Chen,Jiau Hua) ལགས་བཅས་དང་ལྷན་ཚོགས་གཙོའི་སྐུ་མགྲོན་མཇལ་འཕྲད་ཁང་དུ་མཇལ་འཕྲད་གནང་ཡོད་འདུག སྐབས་དེར། བཀའ་བློན་མཆོག་གིས་བོད་ནང་གི་གནས་སྟངས་སྤྱིའི་སྐོར་དང་། དེ་ནས་ད་ལྟར་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་དང་། རིག་གཞུང་རྩ་མེད། སྐད་ཡིག་རྩ་མེད། ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཡི་སྐོར་སོགས་འགྲེལ་བརྗོད་གནང་ནས་། རང་དབང་མང་གཙོར་དགའ་བའི་ང་ཚོ་ཚང་མས་ནུས་པ་གཅིག་ཏུ་བསྒྲིལ་ཏེ་ཤུགས་བསྐྱོན་དགོས་རྒྱུ་དུས་ལ་བབ་ཀྱི་འདུག ཅེས་བརྗོད་ཡོད་འདུག

གཞན་ཡང་། བཀའ་སློན་ནོར་འཛིན་སྒྲོལ་མ་མཆོག་ཐེ་ཝན་མང་གཙོ་ཐེབས་རྩའི་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ཧོང་ལིང་ཡུས་ (Huang Yulin) མཆོག་དང་མཇལ་འཕྲད་གནང་ཡོད་འདུག ཕྱི་དྲིལ་བཀའ་བློན་མཆོག་གིས་ཐེ་ཝན་མང་གཙོ་ཐེབས་རྩ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དང་དམིགས་བསལ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་གཞི་ཁག་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་ཚུལ་སྐོར་འགྲེལ་བརྗོད་གནང་ཡོད་འདུག ཐེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་སྐུ་ཞབས་ཧོང་ལིང་ཡུས་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། ཐེ་ཝན་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་རྒྱལ་སྤྱི་དང་རྒྱལ་ནང་བཅས་ཁག་གཉིས་སུ་ཕྱེ་སྟེ་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུའི་འདུན་པ་ཆེན་པོ་ཡོད་སྐོར་སོགས་བརྗོད་ཡོད་འདུག

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།