01
Wed, Feb

ཉེ་ཆར་རྒྱ་ནག་ནང་ཏོག་ནད་རྒྱ་ཁྱབ་འགྲོ་བཞིན་པའི་སྐབས་རྒྱ་མི་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ཏུ་འགྲོ་བཞིན་པ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༡ཚེས་༩ཉིན་སྤེལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཉེ་བའི་ཆར་ཏོག་ནད་ཁྱབ་བརྡལ་དང་། ནད་དུག་གི་ཉེན་ཚབས། དེའི་རྐྱེན་པའི་འདས་གྲོངས་སུ་ཕྱིན་པའི་མི་གྲངས། ན་བཞིན་པའི་གྲངས་འབོར་སོགས་སྦ་གསང་བྱས་པའི་ཐད་ནས། རྒྱ་ནག་ལ་སྐྱོན་བརྗོད་དང་ཉེས་འཛུགས་བྱས་འདུག་པར་མ་ཟད། ནད་དུག་དང་འབྲེལ་བའི་གནས་ཚུལ་ངོ་མ་མཁོ་སྤྲོད་བྱེད་པའི་རེ་སྐུལ་ཡང་བྱས་འདུག

དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས། རྒྱ་གཞུང་གིས་ཏོག་ནད་ཀྱི་ཉེན་ཚབས་རང་བཞིན་ལ་སྣང་ཆུང་དང་། ཏོག་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་མི་གྲངས་སྦ་གསང་བྱས་པ་སོགས་ལ་སྐྱོན་བརྗོད་བྱས་འདུག་པར་མ་ཟད། ཡིད་རྟོན་འཕེར་བ་དང་། ཚད་དང་ལྡན་པ། དུས་ལས་མ་བརྒལ་བའི་ནད་པ་དང་ཚེ་འདས་ཀྱི་གྲངས་འབོར་དང་། ནད་དུག་དང་འབྲེལ་བའི་གནས་ཚུལ་ངོ་མ་མཁོ་སྤྲོད་བྱེད་པའི་རེ་སྐུལ་ཡང་བྱས་འདུག གཞན་ཡང་། རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པ་མང་པོ་ཞིག་གིས་ཀྱང་རྒྱ་གཞུང་ལ་ཏོག་ནད་ཁྱབ་བརྡལ་དང་འབྲེལ་བའི་ཡིག་ཆ་གང་མང་མཁོ་སྤྲོད་བྱེད་པའི་འབོད་སྐུལ་ཤུགས་དྲག་བྱེད་བཞིན་འདུག

“ང་ཚོས་མུ་མཐུད་ནས་རྒྱ་གཞུང་ལ་ཡིད་རྟོན་འཕེར་བ་དང་། ཚད་དང་ལྡན་པ། དུས་ལས་མ་བརྒལ་བའི་ནད་པ་དང་ཚེ་འདས་ཀྱི་གྲངས་འབོར་དང་། ནད་དུག་དང་འབྲེལ་བའི་གནས་ཚུལ་ངོ་མ་བཅས་མཁོ་སྤྲོད་བྱེད་པའི་རེ་སྐུལ་བྱེད་བཞིན་ཡོད་ལ། ལྷན་ཚོགས་འདིའི་ངོས་ནས། རྒྱ་ནག་མི་མང་གི་ཚེ་སྲོག་གི་ཉེན་ཁ་ལ་སེམས་ཁྲལ་བྱེད་བཞིན་ཡོད། ནད་པ་དང། ནད་ཡམས། འདས་གྲོངས་བཅས་ཀྱི་རྐྱེན་ངན་དེ་དག་ལྡོག་པའི་ཆེད་དུ། ང་ཚོས་འགོག་ཁབ་དང་ཟུངས་ཁབ་ཀྱི་གལ་ཆེན་རང་བཞིན་ཡང་ནས་ཡང་དུ་ནན་བཤད་བྱེད་ཀྱིན་ཡོད།” ཅེས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་བརྗོད་འདུག

ཉེ་བའི་ཆར་རྒྱ་ནག་གི་ཏོག་ནད་སྲིད་བྱུས་ལ་འགྱུར་བ་བཏང་རྗེས། རྒྱ་ནག་གི་ས་གནས་མང་པོ་ཞིག་ཏུ་ཏོག་ནད་ཁྱབ་བརྡལ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་། དེར་བརྟེན་ནས་ནད་པ་དང་ཚེ་འདས་ཀྱི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་པ་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་ལམ་ཁག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་ནའང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་དང་ཕྱི་སྲིད་བློ་ཆེན་གྱིས་ཉེ་བའི་ཆར་རྒྱ་ནག་ཏུ་ཏོག་ནད་ཀྱི་རྐྱེན་པས་འདས་གྲངས་སུ་ཕྱིན་པ་མི་གྲངས་༢༠ཙམ་མ་གཏོགས་མེད་སྐོར་དང་། ནད་ཡམས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་ཕྱི་གསལ་ནང་གསལ་བྱེད་ཀྱིན་ཡོད་སྐོར། ནད་ཡམས་སྟངས་འཛིན་བྱས་ཡོད་སྐོར་སོགས་བཤད་བཞིན་འདུག

བོད་ནང་ལ་མཚོན་ནའང་། ཏོག་ནད་སྲིད་བྱུས་ལྷོད་པར་བརྟེན། ཕྱི་རྒྱལ་དང་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཁྱམ་པ་མང་པོ་འབྱོར་བ་སོགས་ཀྱི་དབང་གིས། ནད་ཡམས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་མི་ཕལ་མོ་ཆེར་ནད་ཡམས་ཕོག་ནས། རྒན་གཞོན་ཀུན་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་ལ། ཁྱད་པར་དུ་རྒན་པ་ཚོར་དཀའ་ངལ་ཤུགས་ཆེན་འཕྲད་དེ། ཕལ་མོ་ཆེ་ཞིག་འདས་གྲོངས་སུ་འགྲོ་བཞིན་ཡོད་སྐོར་བརྗོད་ཀྱིན་འདུག

རྒྱ་ནག་གི་ཏོག་ནད་སྲིད་བྱུས་ལྷོད་ཡངས་སུ་བཏང་རྗེས། རྒྱ་ནག་གི་མི་སེར་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་ནའང་། རྒྱལ་ཁབ་མང་པོ་ཞིག་གིས་ཏོག་ནད་ཁྱབ་བརྡལ་ལ་འཛེམ་ཟོན་བྱས་ཏེ། རྒྱ་ནག་ནས་ཡོང་མཁན་ཚོར་བརྟག་དཔྱད་ནན་མོ་བྱེད་ཀྱིན་འདུག དེ་ཡང་། ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ནས་ཡོ་རོབ་ཁུལ་དུ་ཡོང་མཁན་ཚོར་ཏོག་ནད་མེད་པའི་ཡིག་ཆ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག་པར་མ་ཟད། ཉི་ཧོང་དང་། རྒྱ་གར། ཨ་རི། དབྱིན་ཇི། ཁེ་ན་ཌ། ཨོ་གླིང་། ལྷོ་ཀོ་རེ་ཡ་སོགས་ཀྱིས་ཀྱང་རྒྱ་ནག་ནས་ཡོང་མཁན་ཚོར་ཏོག་ནད་མེད་པའི་ཡིག་ཆ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག གཞན་ཡང་། མོ་རོ་ཁོ་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནས་ཡོང་མཁན་ཚོར་ཡོངས་སུ་བཀག་སྡོམ་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།