19
Fri, Apr

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མར་ཀི་ལི་ (Jeff Merkley) ལགས་དང་སྐུ་ཞབས་པེ་ཊིག་ལི་ཧེ་ (Patrick Leahy) ལགས། སྐུ་ཞབས་ཊོ་ཌི་ཡོན་གྷི་ (Todd Young) ལགས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༡༢་ཚེས་༢༠་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་རྒྱ་དཀའ་རྙོག་གསལ་ཐབས་ཀྱི་གྲོས་འཆར་ཞིག་བཏོན་ཡོད་པ་དང་། གྲོས་འཆར་དེས་ཨ་རིའི་གཞུང་ནས་རྒྱ་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་གནོན་ཤུགས་སྤྲོད་རྒྱུ་དང་། གནའ་བོ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེར་ངོས་ལེན་བྱེད་རྒྱུ་མིན་པ། བོད་ནི་མདོ་དབུས་ཁམས་གསུམ་ཡིན་པ་ལས་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ན་མིན་པ་སོགས་བཀོད་ཡོད་འདུག གྲོས་འཆར་དེར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་དང་རྒྱབ་སྐྱོར་གྱི་གསུང་འཕྲིན་སྐུར་འདུག

དེ་ཡང་། གོང་ཚེས་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མར་ཀི་ལི་ (Jeff Merkley) མཆོག་དང་། ཨ་རིའི་གྲོས་གོང་མའི་འཐུས་མི་དང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཊོ་ཌི་ཡོན་གྷི་ (Todd Young) མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ (Patrick Leahy) མཆོག་བཅས་ལས་གྲུབ་པའི་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་ཡོད་འདུག

གྲོས་འཆར་དེའི་ནང་དོན་གཙོ་བོ་ནི། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་ཨ་རི་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ། བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་ངོས་འཛིན་བྱེད་རྒྱུ། གནའ་བོ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེར་ངོས་ལེན་བྱེད་རྒྱུ་མིན་པ། བོད་ནི་མདོ་དབུས་ཁམས་གསུམ་ཡིན་པ་ལས་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ན་མིན་པ་སོགས་བཀོད་ཡོད་འདུག

ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༢༠་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་གསལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཏོན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་ལས་ཁུངས་ནས་དགའ་བསུ་དང་རྒྱབ་སྐྱོར་གྱི་གསུང་འཕྲིན་ནང་དུ་འཁོད་དོན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མར་ཀི་ལི་མཆོག་དང་། ཨ་རིའི་གྲོས་གོང་མའི་འཐུས་མི་དང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཊོ་ཌི་ཡོན་གྷི་མཆོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཐུགས་མཉེས་པོ་གནང་གི་ཡོད་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་མཆོག་བཅས་ལས་གྲུབ་པའི་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཁོང་རྣམ་པ་གསུམ་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་བར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་ཞུ་ཡི་ཡོད།

ཁྲིམས་འཆར་དེ་ཨ་རིའི་སྲིད་བྱུས་ཆགས་ཚེ་སྲིད་བྱུས་དེས་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རྣམས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་འགོག་རྐྱེན་བཟོ་བཞིན་པར་ཁ་གཏད་ཀྱིས་བོད་མི་རྣམས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་འོག་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཉམས་ལེན་བྱེད་ཆོག་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ཁྲིམས་ལུགས་འོག་བོད་རྒྱའི་དཀའ་རྙོག་ད་དུང་སེལ་མེད་པའི་གནས་བབ་ལ་ངོས་འཛིན་བྱ་ངེས་ཡིན་པ་མ་ཟད། ཁྲིམས་འཆར་དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཚུལ་བཏོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་འཐོབ་ཐབས་ཀྱི་ལམ་ཁ་ཉག་གཅིག་ཡིན་པ་དེ་གསལ་འདོན་བྱས་ཡོད། ཅེས་སོགས་བཀོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིམས་འཆར་དེར་དགའ་བསུ་ཞུས་གནང་བ་དང་འབྲེལ་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་ཐབས་གནང་བཞིན་ཡོད་པས་བོད་མི་རྣམས་ཀྱིས་དུས་རྟག་ཏུ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཁྲིམས་འཆར་དེས་བོད་དོན་ཙམ་མིན་པར་གྲོས་མོལ་བརྒྱུད་ཞི་བདེ་དང་། མང་གཙོ། རང་དབང་འཐབ་རྩོད་གནང་མཁན་རྣམས་ལའང་རེ་བའི་འོད་སྣང་ཞིག་སྦྱིན་ཡོད། བོད་མིའི་སྒྲིག་འཛུགས་ནས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་འཐོབ་པར་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེམས་ཐབས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་དང་།

ངས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་སྟེ་ཨ་རིའི་སྲིད་འཛིན་མཆོག་གི་མདུན་ཅོག་སྟེང་བསླེབ་ཐབས་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་ལ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མར་ཀི་ལི་མཆོག་དང་། ཨ་རིའི་གྲོས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡོན་གྷི་མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་མཆོག་བཅས་ནས་ཁྲིམས་འཆར་ངོ་སྤྲོད་གནང་བར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཁྲིམས་འཆར་དེའི་སྐོར་གསུང་དོན། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་རིང་བོད་མི་རྣམས་ཀྱིས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་ཀྱང་ང་ཚོ་ངོས་ནས་རྒྱུན་དུ་བོད་རྒྱའི་དཀའ་རྙོག་དེ་གྲོས་མོལ་བརྒྱུད་སེལ་ཐབས་བྱེད་བཞིན་ཡོད། ཅེས་དང་།

ཁྲིམས་འཆར་དེས་ཨ་རིའི་གཞུང་གིས་དུས་རྟག་ཏུ་བོད་རྒྱའི་དཀའ་རྙོག་གྲོས་མོལ་བརྒྱུད་སེལ་ཐབས་གནང་བཞིན་པར་རྒྱབ་སྐྱོར་དང་། རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་མུ་མཐུད་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་རེ་བ་གསར་པ་ཞིག་བསྐྲུན་གནང་ཡོད། ཅེས་གསུངས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།