18
Thu, Apr

ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་གྷར་ནེཊ་ཇི་ནུ་སི་ (Garnett Genuis) ལགས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་བ་༡༢ ཚེས་༡༤ ཉིན། ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་གྷར་ནེཊ་ཇི་ནུ་སི་ (Garnett Genuis) ལགས་ཀྱིས་བཏོན་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་གྲོས་འཆར་ལ་གྲོས་ཚོགས་འཐུས་མིའི་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་གྲོས་ཆོད་གཏན་འབེབས་གནང་འདུག གྲོས་འཆར་འདིས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་ཁེ་ཎ་ཌའི་གཞུང་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང་བོད་མིའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་གྱི་གྲོས་འཆར་ཞིག་ཡིན་འདུག

དེ་ཡང་། ཕྱི་ལོ་༢༠༢༢་ཟླ་༡༢་ཕྱི་ཚེས་༡༣ ཉིན། ཁེ་ན་ཊའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་གྷར་ནེཊ་ཇི་ནུ་སི་ (Garnett Genuis) ལགས་ཀྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་གྲོས་འཆར ཞིག་ཁེ་ན་ཊའི་གྲོས་ཚོགས་གོང་མའི་ནང་དུ་བཏོན་ཡོད་པ་དང་། ཕྱིས་ཚེས་༡༤་ཉིན་གྲོས་འཆར་འདིར་གྲོས་ཚོགས་འཐུས་མི་ཚོའི་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་ཁྲིམས་འཆར་ལ་གཏན་འབེབས་གནང་ཡོད་འདུག སྤྱི་གྲོས་ཚོགས་འཐུས་མི་གྷར་ནེཊ་ཇི་ནུ་སི་ལགས་ཀྱིས་གྲོས་འཆར་འདི་ཐོག་མར་ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་༥་པའི་གྲོས་ཚོགས་འོག་མའི་ནང་དུ་བཏོན་ཡོད་པ་དང་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་འདུག

གྲོས་འཆར་དེའི་ནང་དུ་འཁོད་དོན། རྒྱ་ནང་གཞུང་གི་རྩ་ཁྲིམས་འོག་བོད་མི་རྣམས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལག་བསྟར་ཆེད་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་ཡང་ན་བོད་མིའི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མིའི་འགོ་ཁྲིད་རྣམས་ཀྱིས་རྒྱ་ནག་ནས་བོད་རང་བཙན་གཙང་མའི་དགོས་འདུན་སྟོན་གྱི་མེད། ཁོང་ཚོས་དབུ་མའི་ལམ་བརྒྱུད་རྒྱ་ནག་གཞུང་གི་རྩ་ཁྲིམས་དགོངས་དོན་ལྟར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད།

གྲོས་ཚོགས་འཐུས་མི་གྷར་ནེཊ་ཇི་ནུ་སི་ལགས་ཀྱིས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་དངོས་ཡོད་དང་མཐུན་པ་གང་ཞིག་ནུས་པ་ལྡན་པའི་འཐབ་རྩོད་ཅིག་ཡིན་པ་མ་ཟད། འདས་པའི་ལོ་ངོ་ ༦༠ ནང་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་རྩ་མེད་གཏང་རྒྱུའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཀྱང་སྲིད་བྱུས་དེ་ཉིད་ཉམས་པ་མེད་པར་གནས་ཡོད། རྒྱལ་སྤྱིའི་འགོ་ཁྲིད་དང་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་བློ་འཚབ་བྱེད་བཞིན་པར་རྒྱབ་སྐྱོར་དང་སྦྲགས། བོད་རྒྱའི་དཀའ་རྙོག་གསལ་ཐབས་ཀྱི་འབད་བརྩོན་ལ་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་བཞག་སྟེ་བོད་རྒྱའི་དཀའ་རྙོག་མ་གསལ་བར་མུ་མཐུད་ནས་དཀའ་ངལ་རྒྱག་རྒྱུ་ཡིན་སྐོར་སོགས་གསུངས་འདུག

ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༢༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གྷར་ནེ་ཊི་ཇི་ནུ་སི་ལགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་ཕུལ་འདུག གསུང་འཕྲིན་དེའི་ནང་དུ་འཁོད་དོན། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གྲོས་འཆར་ཞིག་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་བཏོན་པ་ལྟར་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་ཀྱིས་གྲོས་འཆར་དེར་རྒྱབ་སྐྱོར་དང་གྲོས་ཆོད་གཏན་འབེབས་གནང་ཡོད་པས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་བཞུགས་པ་དེས་བོད་མི་རྣམས་ལ་རེ་བ་དང་སེམས་ཤུགས་བསྐྱེད་དུ་བཅུག་ཡོད་ལ། སྐུ་ཉིད་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་བོད་དོན་སླད་དུ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བཞིན་ཡོད་སྟབས་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐུ་ཉིད་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་ཡིན་པའི་ཆ་ནས་རྒྱ་ནག་གཞུང་གིས་འཛམ་གླིང་ནང་དྲག་གནོན་བྱེད་བཞིན་པར་ཁ་གཏད་གཅོག་རྒྱུ་ཡིན་སྐོར་གསུངས་ཡོད་པས་ང་ཚོ་བློ་བདེ་པོ་བྱུང་། སྐུ་ཉིད་ནས་བོད་དོན་སླད་དུ་མཛའ་གྲོགས་ཀྱི་འདུ་ཤེས་དང་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོར་འཛིན་བཞིན་པར་ངས་སླར་ཡང་བོད་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།