29
Fri, Mar

ཕྱི་ལོ་༢༠༢༢ ཟླ་བ་༡༢ ཚེས་༥ ཉིན། ཉི་ཧོང་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གསར་འཛུགས་གནང་སྐབས་ཀྱི་པར། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་བ་༡༢ ཚེས་༥ ཉིན། ཉི་ཧོང་གྲོས་ཚོགས་གོང་མའི་ནང་དུ་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསྟན། ལྷོ་སོག ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་པ་མ་ཟད། བོད་དང་ཤར་ཏུར་ཀིསྟན། ལྷོ་སོག་བཅས་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་བྱ་ར་བྱེད་མཁན་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པར་ཉི་ཧོང་གྲོས་ཚོགས་གོང་མིའི་ནང་དུ། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསྟན། ལྷོ་སོག ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་འདུག དེ་ནས་ཉིན་དེའི་ཉིན་རྒྱབ། བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་དང་གོང་གི་རྒྱབ་ཁབ་ཁག་གི་འཐུས་མི་སོགས་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་འཛོམས་ནས་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་བྱ་ར་བྱེད་མཁན་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པར་གསལ་བསྒྲགས་སྤེལ་འདུག

གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེ་གསར་འཛུགས་གནང་སྐབས། དམིགས་བསལ་གསུང་བཤད་པ་སྲིད་ཟུར་བློ་བཟང་སེངྒེ་མཆོག་དང་། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་ཊོལ་ཀུན་ཨི་ས་ (Dolkun Isa) ལགས། ཤི་ཛོ་ཀ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཨོ་ནོ་ཨ་ཀི་ར་ (Ohno Akira) ལགས། ལྷོ་སོག་མཐུན་ཚོགས་ཀྱི་དའི་ཆིན་ཨོལ་ཧུ་ནུ་ (Daichin Olhunud) ལགས་མགྲོན་འབོད་གནང་ཡོད་འདུག ཁོང་རྣམས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་སྐོར་གསལ་བཤད་གནང་ཡོད་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

ཉི་ཧོང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཇི་-ཧྥུ་རུ་ཡ་ (Keiji Furuya) ལགས་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེའི་ཚོགས་གཙོ་བདམས་ཡོད་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་ཧི་རོ་མི-མི་སུག་བྷ་ཡ་ཤི་ལགས་ (Hiromi Mitsuybayashi) ལགས་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེའི་དྲུང་ཆེར་བདམས་འདུག དེ་བཞིན་ཚོགས་ཆུང་གི་སློབ་སྟོན་པར་ཉི་འོང་གི་བསམ་མཛོད་བསྟི་གནས་ (Japan Institute for National Fundamentals) ཞེས་པའི་ཡོ་ཤི་ཀོ-ས་ཀུ་རི་ (Yoshiko Sakurai) ལགས་བསྐོ་བཞག་གནང་ཡོད་འདུག

ཚོགས་འདུ་དེའི་སྐབས་ཉི་ཧོང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཇི་-ཧྥུ་རུ་ཡ་ལགས་དང་། བློན་ཆེན་ཏ་ཀའི་ཆི་ས་ནེ་ (Takaichi Sanae) ལགས། བསམ་མཛོད་བསྟི་གནས་ཁང་གི་ངེས་སྟོན་པ་ཡོ་ཤི་ཀོ་ས་ཀུ་རི་ (Yoshiko Sakurai) ལགས་ཀྱིས་རྒྱལ་སྤྱིའི་མི་མང་ནས་མུ་མཐུད་ཁ་ཁུ་སིམ་པོར་བསྡད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་རང་གི་མི་སེར་དང་བཙན་འཛུལ་བྱས་པའི་ས་ཁུལ་གྱི་མི་མང་ལ་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་གི་ཡོད་ཅིང་། ད་ཆ་རྒྱལ་སྤྱིའི་མི་མང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་སྲུང་སྐྱོབ་དང་རྒྱ་ནག་གི་དབང་ཤེད་དང་དྲག་རྩུབ་ཆེ་བའི་སྲིད་བྱུས་ཀྱི་ཁ་གཏད་དུ་སྐད་ཆ་ཤོད་དགོས་ཞེས་གསུངས་ཡོད་འདུག

དེའི་རྗེས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤི་མོ་མུ་ར-ཧ་ཀུ་བུན་ (Shimomura Hakubun) ལགས་ཀྱིས་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་འདི་ལྟ་བུ་ཞིག་གསར་འཛུགས་གནང་བར་དགའ་བསུ་དང་བསྔགས་བརྗོད་ཞུས་ཡོད་པ་དང་། ཁོང་གིས་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་པའི་སྐོར་དང་། བོད་རྒྱའི་དཀའ་རྙོག་སེལ་བར་སྤྱི་ནོར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་གྱི་ཞི་བའི་ཐབས་ལམ་བསྟེན་གནང་བའི་སྐོར་ངོ་སྤྲོད་གནང་ཡོད་འདུག

དེ་ནས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་རྗེས་ ཕྱི་ལོ་༢༠༢༢་ཟླ་༦་པའི་ནང་ཨ་རི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པ་སླར་གསོ་གནང་བའི་སྐོར་ངོ་སྤྲོད་དང་། ཉི་ཧོང་སྐད་དུ་བསྒྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པའི་དམིགས་ཡུལ་ཁོང་རྣམས་ལ་བགོ་འགྲེམས་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།