30
Wed, Nov

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༡༡་ཚེས་༡༩་ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྟེང་ཞི་བདེ་དང་འཚེ་མེད་ཞི་བ་གོང་འཕེལ་བཏང་དང་གཏོང་བཞིན་པར་བརྟེན། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྷན་རྡི་མལ་ཌ་ལའི་ཐེབས་རྩ(Gandhi-Mandela Foundation)ཡིས་༧གོང་ས་མཆོག་ལ་གྷན་རྡི་མན་ཌ་ལའི་གསེར་གྱི་གཟེངས་རྟགས་(Gandhi-Mandela Award)ཕུལ་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩་པའི་ཐོག བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གྷན་རྡི་མལ་ཌ་ལའི་ཐེབས་རྩ་ཡིས་གོ་སྒྲིག་འོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྟེང་ཞི་བདེ་དང་འཚེ་མེད་ཞི་བ་གོང་འཕེལ་བཏང་དང་གཏོང་བཞིན་པར་བརྟེན། གྷན་རྡི་མན་ཌ་ལའི་གསེར་གྱི་གཟེངས་རྟགས་ཐོག་མ་དེ་ཕུལ་སོང་། གཟེངས་རྟགས་ཕུལ་བའི་མཛད་སྒོའི་ཐོག ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇི་ཌ་རཱ་ཨར་ལེག་དང་། གྷན་རྡི་མལ་ཌ་ལའི་ཐེབས་རྩ་ཡི་ཚོགས་གཙོ་དང་ཚོགས་མི་དང་རྒྱ་གར་གྱི་ཁྲིམས་དཔོན་ཆེན་མོ་ཟུར་པ་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་སྤྱི་འཐུས་དང་ལས་བྱེད། དེ་བཞིན་རྡ་ས་ཁུལ་གྱི་བོད་མི་དང་སློབ་ཕྲུག་སོགས་ཕེབས་གནང་འདུག

མཛད་སྒོའི་ཐོག་མ་གྷན་རྡི་མལ་ཌ་ལའི་ཐེབས་རྩ་ཡི་ཚོགས་གཙོ་ཡིས་ཚོགས་པ་དེའི་ངོ་སྤྲོད་དང་དེ་ནས་༧གོང་ས་མཆོག་ལ་གྷན་རྡི་མན་ཌ་ལའི་གསེར་གྱི་གཟེངས་རྟགས་ཐོག་མ་འདི་གནང་དགོས་དོན་སོགས་ཀྱི་ཐོག་གསུང་བཤད་གནང་སོང་། དེ་ནས་རིམ་བཞིན་སྐུ་མགྲོན་རྣམས་ཀྱིས་གསུང་བཤད་གནང་སོང་། ཁོ་ཚོས་༧གོང་ས་མཆོག་ནི་ཞི་བདེའི་སྐྱེས་བོ་ཡིན་པ་དང་། ཁོང་གིས་ད་བར་འཛམ་གླིང་སྟེང་ཞི་བདེ་དང་། བྱམས་བརྕེ་དང་སྙིང་རྗེ། འཚེ་མེད་ཞི་བདེ་བཅས་གོང་སྤེལ་བཏང་དང་གཏོང་བཞིན་ཡོད་སྐོར་དང་། ཁོང་གིས་བདག་ཉིད་ཆེན་པོ་གྷན་རྡི་དང་མན་ཌ་ལའི་འཚེ་མེད་ཞི་བ་གོང་སྤེལ་བཏང་བརྟེན་གྷན་རྡི་མན་ཌ་ལའི་གཟེངས་རྟགས་ཐོག་མ་ནི་༧གོང་ས་མཆོག་ལ་ཕུལ་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་༧གོང་ས་མཆོག་གིས་གསུང་དོན། རྒྱ་གར་གྱི་གནའ་བོའི་རིག་གཞུང་འཚེ་མེད་ཞི་བ་ཧ་ཅང་གལ་ཆེན་པོ་རེད། མི་གཅིག་གིས་གཅིག་ལ་འཚེ་བ་མི་བྱས་ནས་འཆམ་མཐུན་ཡོང་བར་བྱེད་དགོས། མི་གཅིག་འགྱུར་གྱི་འདུ་ཤེས་ཡོད་ན་འཆམ་མཐུན་ཡོང་ཐུབ་ཀྱི་རེད། ངོས་རང་ལ་ཆ་བཞག་ན་ཉིན་རེ་བཞིན་དུ་བྱམས་སྙིང་རྗེ་སྒོམ་བཞིན་ཡོད། འདི་ལྟར་བསྒོམས་པར་བརྟེན་ནས་འཚེ་མེད་ཞི་བ་རང་ཤུགས་ཀྱིས་ཡོང་གི་འདུག ང་ཚོ་ཉིན་རེའི་འཚོ་བའི་ཁྲོད་བྱམས་སྙིང་རྗེ་བསྒོམ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་བྱས་ན་རང་ཉིད་སྐྱིད་པ་དང་སེམས་ནང་ཞི་བདེ་ཡོང་བར་ཕན་ཐོགས་ཡོང་གི་རེད་། ཅེས་གསུངས་སོང་།

གཞན་ཡང་། གྷན་རྡི་མན་ཌ་ལའི་ཐབས་རྕ་ཡི་བསྒྲགས་གཏམ་ནང་དུ། ༧གོང་ས་མཆོག་གིས་བོད་དེ་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་བ་དང་། མི་མང་གི་གཞི་རྩའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ལ་གུས་བཀུར་གནང་བ། དེ་བཞིན་བོད་ཀྱི་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་གནང་བ། འཛམ་གླིང་སྟེང་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་ཁྱབ་སྤེལ་གནང་བརྟེན་ནས་གཟེངས་རྟགས་དེ་ཕུལ་ཡོད་སྐོར་བཀོད་འདུག

༧གོང་ས་མཆོག་གིས་གྷན་དྷི་མན་ཌ་ལའི་གཟེངས་རྟགས་བཞེས་པར་རྒྱ་གར་གྲོས་ཚོགས་འོག་མའི་ནང་ལ་དྭགས་མི་དམངས་ཀྱི་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ནས་འཚམས་འཕྲིན་ཕུལ་འདུག འཚམས་འཕྲིན་ནང་དུ། དེ་རིང་ཕྱི་ལོ་༢༠༢༢ ཟླ་བ་༡༡ ཚེས་༡༩ ཉིན་བོད་གངས་ཅན་ལྗོངས་དང་། ལ་དྭགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་པ་ཡོངས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བ་༸གོང་ས་ལྷ་མི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ། བདག་ཉིད་ཆེན་པོ་གཱན་དྷི་མཆོག་དང་ནེལ་སེན་མན་ཌེ་ལ་མཆོག་རྣམས་གཉིས་ཀྱི་མཚན་ཐོག་ནས་༢༠༡༩ ལོའི་གྷན་དྷི་མན་ཌེ་ལ་གཟེངས་རྟགས་ (Gandhi Mandela Award) ཞེས་པའི་གཟེངས་རྟགས་ཆེན་པོ་ཐོག་མ་དེ་འབུལ་བཞེས་མཛད་པར་ལ་དྭགས་མི་མང་ཡོངས་ཀྱི་ཚབ་ཞུས་ནས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

དེ་ཡང་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་གིས་འཛམ་གླིང་གོ་ལ་འདིའི་སྟེང་ལྟ་བ་རྟེན་འབྱུང་། སྤྱོད་པ་འཚེ་བ་མེད་པ་དང་། ཞི་བདེ་དམ་པའི་གཞི་རྩ་བྱམས་སྙིང་རྗེའི་སྐོར་གྱི་བསླབ་བྱ་དང་བཀའ་སློབ་ཟབ་མོ་སྩོལ་གནང་མཛད་པའི་བཀའ་དྲིན་གྱི་ཕུང་པོ་དག་ནི་བསམ་གྱིས་མི་ཁྱབ་ཅིང་། ལྷག་པར་དུ་ངེད་ལ་དྭགས་པར་མཚོན་ན། ལོ་ལྟར་ལ་དྭགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་མི་མང་ཡོངས་ལ་ནང་ཆོས་ངོ་སྤྲོད་དང་། བཀའ་དབང་བཀའ་ཆོས་སྩོལ་གནང་མཛད་པ། དེ་བཞིན་ཆོས་ལུགས་སོ་སོར་བསྟེན་མཁན་གྱི་མི་སྡེ་དང་དགོན་སྡེ་ཁག གཞན་ཡང་སློབ་གྲྭ་ཁག་ཏུ་དམིགས་བསལ་གྱིས་ཕེབས་གནང་མཛད་དེ་ཐུགས་བརྩེ་བ་ཆེན་པོས་བསྐྱངས་གནང་མཛད་པའི་བཀའ་དྲིན་གྱི་ཕུང་པོ་དག་ནི། ངེད་ཅག་ལ་དྭགས་པ་ཡོངས་ཀྱིས་སྟོང་གསུམ་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་ཕུལ་ན་ཡང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བཀའ་དྲིན་འཇལ་ཐབས་བྲལ་ལགས།

དམིགས་བསལ་འཚམས་འཕྲིན་འདི་རྒྱུད་༧གོང་ས་མཆོག་ལ་སྒྲུབ་པའི་མཆོད་པའི་ཚུལ་དུ། དུས་རྒྱུན་ལ་དྭགས་པའི་སྐྱ་སེར་ཕོ་མོ་ཡོངས་ཀྱིས་༸གོང་ས་མཆོག་ལ་དད་པ་དང་དམ་ཚིག་གཙང་མས་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཟབ་མོ་དག་སྤྱི་བོར་བླངས་ཏེ་ལག་བསྟར་བྱས་དང་བྱེད་མུས་དང་། དེ་བཞིན་རྒྱལ་དབང་མཆོག་གི་བཀའ་དགོངས་བཞིན་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ནང་ཆོས་ཀྱི་སློབ་སྦྱོང་དང་། རིགས་ལམ་སྦྱང་བརྩོན། བྷོ་ཊིའམ་བོད་ཡིག་གི་བརྡ་སྤྲོད་དག་ལ་སྦྱང་བརྩོན་སྔར་ལས་ལྷག་པར་བྱེད་མུས་བཞིན་ཡོད་པ་དག་ནི། ༸རྒྱལ་དབང་མཆོག་གི་བཀའ་སྤྱི་བོར་བླངས་པའི་སྒྲུབ་པའི་མཆོད་པ་ཞིག་ལོས་ཡིན།

དེ་བཞིན་ལ་དྭགས་པ་ཡོངས་ལ་༸རྒྱལ་དབང་མཆོག་གིས་རྒྱུན་ལྡན་ཆོས་ལུགས་མཐུན་འབྲེལ་སྐོར་བཀའ་སློབ་ཕེབས་པ་བཞིན། ལ་དྭགས་སུ་གནས་ཡོད་པའི་ཆོས་ལུགས་སོ་སོར་བསྟེན་མཁན་དབུ་ཁྲིད་དང་མི་མང་ཡོངས་མཐུན་འབྲེལ་གྱིས་སྤུན་ཕྲུག་གཅིག་ཏུ་གནས་ཡོད་པ་དེར་༸རྒྱལ་དབང་མཆོག་གིས་འདི་ལོར་ལ་དྭགས་སུ་བཞུགས་སྐབས་བསྔགས་བརྗོད་དང་འབྲེལ་བཀའ་སློབ་ཟབ་མོ་ཕེབས་པ་ནི་ཧ་ཅང་གིས་བསོད་ནམས་ཆེ་ཞིང་། མ་འོངས་པར་ཡང་དེ་བཞིན་མཐུན་འབྲེལ་གནང་དགོས་པ་སོགས་བཀའ་སློབ་ཟབ་མོ་ཕེབས་པ་དག ལ་དྭགས་ཀྱི་མི་མང་ཡོངས་ཀྱིས་མ་བརྗེད་པར་སེམས་ལ་བཅང་སྟེ། དེ་བཞིན་ལག་ལེན་མཛད་རྒྱུའི་འབོད་སྐུལ་ཞུ་རྒྱུ།

མཐའ་དོན་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པ་དང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ལ་དྭགས་ཀྱི་མི་མང་ཡོངས་རྗེས་སུ་བཟུང་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།