30
Wed, Nov

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་གི་ཚོགས་ཆེན་དུ་མཉམ་ཞུགས་གནང་མཁན་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་བུད་མེད་ཁག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༩་ཉིན་སྤེལ། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་བུད་མེད་ལྔ་ཡིས་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་གི་ཚོགས་ཆེན་དུ་མཉམ་ཞུགས་གནང་མཁན་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཁོར་ཡུག་སྲུང་སྐྱོབ་པ་བཅས་ལ་བོད་དོན་དང་བོད་ཀྱི་ཁོར་ཡུག་སྐོར། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གི་གནས་སྟངས་སྐོར། རྒྱ་གཞུང་གི་བོད་ཐོག་འཛིན་པའི་ཁོར་ཡུག་སྲིད་བྱུས་ཡིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་དང་གནོད་སྐྱོན་ཤུགས་ཆེན་བཏང་དང་གཏོང་བཞིན་ཡོད་སྐོར་སོགས་ཀྱི་ཐོག་གོ་རྟོགས་ཀྱི་ལས་འགུལ་བཞིན་སྤེལ་འདུག

དེ་ཡང་། ཕྱི་ལོ་༢༠༢༢་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་༢༧་པ་(COP27)་དེ་ཨེ་ཇབ(Eygpt)་ཀྱི་གྲོང་ཁྱེར་ཤམ་ཨེ་ཤེ་ཁ(Sharm El Sheikh)་ནང་འཚོགས་བཞིན་ཡོད་པ་དང་། རྒྱལ་ཁབ་༡༢༠་ལྷག་གི་འགོ་ཁྲིད་དང་སྐུ་ཚབ། དེ་བཞིན་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་དོན་གཉེར་བ་སོགས་མཉམ་ཞུགས་བྱས་ཡོད་འདུག ཚོགས་ཆེན་དུ་བོད་པའི་སྐུ་ཚབ་ནི་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་པདྨ་སྒྲོལ་མ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཁོར་ཡུག་ལས་འགུལ་བ་སྐྱིད་འཛོམས་ཨེ་ལིན་ལགས་བཅས་མཉམ་ཞུགས་གནང་འདུག

ཐེངས་༢༧་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ནི་ཕྱི་ལོ་༢༠༢༢་ཟླ་༡༡་ཚེས་༦་ནས་༡༨་བར་འཚོགས་བཞིན་ཡོད་པ་དང་། གཙོ་བོར་འཛམ་གླིང་སྤྱི་ཡི་གནམ་གཤིས་འགྱུར་ལྡོག་ཐད་བགྲོ་གླེང་གནང་བཞིན་ཡོད་འདུག བོད་པའི་སྐུ་ཚབ་བུད་མེད་ལྔ་ཡིས་རྒྱལ་ཁབ་འདྲ་མིན་གྱི་འགོ་ཁྲིད་དང་དེ་བཞིན་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་དོན་གཉེར་རྣམས་ལ་ཐུག་ནས་བོད་ཀྱི་ གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གི་གནས་སྟངས་སྐོར་དང་། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་སྐོར། བོད་མི་ཚོས་ཁོར་ཡུག་ཐོག་འཛིན་པའི་བསམ་བློ་དང་ལྟ་བ། བོད་ཀྱི་ཁོར་ཡུག་དང་རྒྱུགས་ཆུ་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གལ་ཆེན་ཡིན་པ་ཙམ་མ་ཟད། འཛམ་གླིང་སྤྱི་ཡོངས་ལ་གལ་ཆེན་ཡིན་སྐོར་སོགས་ཀྱི་ཐོག་འགྲེལ་བརྗོད་བྱས་དང་བྱེད་མུ་ཡིན་འདུག

དེ་བར་བོད་ཀྱི་སྐུ་ཚབ་བུད་མེད་ལྔ་ཡིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་ursula von der leyen་ལགས་དང་། རྒྱ་གར་དབུས་གཞུང་གི་ཁོར་ཡུག་བློན་ཆེན་སྐུ་ཞབས་ Bhunpender Yadav་ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚུབ། དབྱིན་ཇི་དང་རྒྱ་གར་གྱི་སྐུ་ཚབ། ད་དུང་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་བ་དང་ཁོར་ཡུག་སྲུང་སྐྱོབ་ཁག་ཅིག་དང་ཐུག་ནས་བོད་དོན་དང་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།