20
Sat, Apr

ཕྱི་ལོ་༢༠༢༢་ཟླ་༨་ཚེས་༥ཉིན། རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་༧གོང་ས་མཆོག་ལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཁང་གིས་གླེ་ཡི་སིན་དྷུ་གྷཊ་ཅེས་པར་དཔལ་རྔམ་དུས་སྟོན་གཟེངས་རྟགས་ཕུལ་འདུག པར། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༥ ཉིན། ལ་དྭགས་སུ་༧གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་སུ་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་མང་པོས་འགྲེལ་བ་དང་ཡང་འགྲེལ་མང་པོ་བརྩམས་ནས་ཕུལ་དུ་བྱུང་བའི་ལེགས་བཤད་ཡོད་པ་འདི་དག་ལ་ད་ལྟའང་སློབ་སྦྱོང་བྱེད་བཞིན་ཡོད། དཔེ་ཆར་བལྟས་པའི་དགོས་དོན་ནི་སེམས་རྒྱུད་འདུལ་དགོས་ཀྱི་ཡོད། རྒྱུད་མ་དུལ་ན་དཔེ་ཆར་བལྟས་པའི་དགོས་པ་མ་བྱུང་བ་རེད། ཅེས་གསུངས་འདུག

དེ་ཡང་། གོང་ཚེས་ཉིན། རྒྱ་གར་བྱང་ཕྱོགས་ལ་དྭགས་དབུས་འཛིན་མངའ་ཁུལ་ཉིན་མོའི་མཛད་སྒོའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་དང་འབྲེལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལ་དྭགས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་༧གོང་ས་མཆོག་ལ་དཔལ་རྔམ་གཟེངས་རྟགས་ཕུལ་གནང་འདུག

མཛད་སྒོའི་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲི་རྩེ་རིན་པོ་ཆེ་མཆོག འབྲུག་པ་ཐུགས་སྲས་རིན་པ་ཆེ། ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སློབ་སྟོན་པ་དབུ་མང་ནཱ་རུ་ལ་(Umang Narula)ལགས། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(LAHDC)ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་སོགས་ཕེབས་ཡོད་འདུག

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་དབང་ཕྱུག་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། དཔལ་རྔམ་གཟེངས་རྟགས་ཀྱི་བྱུང་རིམ་ངོ་སྤྲོད་གནང་འདུག དེ་ནས་ལ་དྭགས་ཀྱི་གནའ་སྲོལ་ཞབས་བྲོ་དང་། སློབ་གྲྭ་ཁག་གཉིས་ཀྱི་སློབ་ཕྲུག་བུ་མོ་ཚོས་ཞབས་བྲོ་གཟིགས་འབུལ། ལ་དྭགས་ཡུལ་གྱི་རྒྱལ་པོ་སེང་གེ་རྣམ་རྒྱལ་མཆོག་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱི་རྣམ་ཐར་མི་སྣ་འཁྲབ་སྟོན་སོགས་བྱས་ནས་རང་སྐྱོང་ཉིན་མོ་སྲུང་བརྩི་ཞུས་འདུག།

དེ་རྗེས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སློབ་སྟོན་པ་དབུ་མང་ནཱ་རུ་ལ་ལགས་དང་། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(LAHDC)ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་བཅས་ཀྱིས་རིམ་པར་གསུང་བཤད་གནང་འདུག

དེ་ནས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། སྔོན་ལ་ངོས་རང་ཉིད་ངོ་སྤྲོད་ཅིག་བྱས་ན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱང་པ་མི་དམན་ཞིང་།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་རྗེ་རིན་པོ་ཆེས་གསུངས་པ་ལྟར་ངོས་རང་ཡང་དེ་ལྟར་ཡིན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་ནས་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ནས་དཔེ་ཆར་བལྟས་པ་དང་། ང་ཚོ་བཙན་བྱོལ་བ་ཆགས་ནས་ཀྱང་དཔེ་ཆར་མུ་མཐུད་དུ་ལྟ་བཞིན་ཡོད། བཅོམ་ལྡན་འདས་ཀྱི་སྡེ་སྣོད་གསུམ་བཀའ་སྩལ་བ་དང་། བོད་གངས་ཅན་གྱི་ལྗོངས་སུ་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་མང་པོས་འགྲེལ་བ་དང་ཡང་འགྲེལ་མང་པོ་བརྩམས་ནས་ཕུལ་དུ་བྱུང་བའི་ལེགས་བཤད་ཡོད་པ་འདི་དག་ལ་ད་ལྟའང་སློབ་སྦྱོང་བྱེད་བཞིན་ཡོད། དཔེ་ཆར་བལྟས་པའི་དགོས་དོན་ནི་སེམས་རྒྱུད་འདུལ་དགོས་ཀྱི་ཡོད། རྒྱུད་མ་དུལ་ན་དཔེ་ཆར་བལྟས་པའི་དགོས་པ་མ་བྱུང་བ་རེད། དེར་བརྟེན། ཉིན་རེ་བཞིན་དུ་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་ཡོད། བྱང་ཆུབ་ཀྱི་སེམས་བསྒོམས་ན་སྙིང་སྟོབས་སྐྱེ་བཞིན་འདུག སེམས་ཤུགས་དེ་སྐྱེས་དུས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་རྒྱག་གི་ཡོད། ནམ་མཁའ་མ་ཟད་ཀྱི་བར་དུའམ་ཇི་སྲིད་སེམས་ཅན་གྱི་སྡུག་བསྔལ་མ་ཟད་གྱི་བར་དུ་ངོས་རང་གིས་མུ་མཐུད་དུ་འགྲོ་བའི་དོན་བྱེད་ཀྱི་ཡིན་ཞེས་དམ་བཅའ་འཇོག་གི་ཡོད། དེས་ཧ་ཅང་སེམས་ཤུགས་བསྐྱེད་ཀྱི་འདུག ཇི་ཙམ་གྱིས་སྙིང་སྟོབས་ཡོད་པའི་ཚོད་ཀྱིས་སེམས་ལ་དངངས་སྐྲག་དང་། རེ་དོགས་མང་པོ་མེད་པར་སེམས་ལ་ཞི་བདེ་ཡོང་གི་འདུག དེ་དག་ངོས་ཀྱིས་ཉམས་ལེན་བྱེད་བཞིན་ཡོད།

བྱང་ཆུབ་ཀྱི་སེམས་དེ་སྟོང་ཉིད་ཀྱི་ལྟ་བ་དང་སྦྲེལ་ནས་བསམ་བློ་གཏོང་བཞིན་ཡོད། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ལ་བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་དང་། དབུ་མ་བ་ལ་ཡང་ནང་གསེས་ཀྱིས་དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་བ་ཡོད་པས་ངོས་ཀྱིས་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་དང་བཅས་པ་ཉིན་རེ་བཞིན་དུ་ཀློག་བཞིན་ཡོད། དེར་བརྟེན། ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལ་སེམས་གཏིང་ནས་ངེས་པ་རྙེད་པའི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་སྦྲེལ་ནས་ཉིན་རེ་བཞིན་དུ་སྒོམ་གྱི་ཡོད། ཚེ་འདི་ལ་ཡིན་ནའང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་དེ་ངོས་ཀྱིས་ལག་ལེན་དུ་བསྟར་གྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དང་། སེང་གེ་ཁ་འབབ་ཀྱི་རྒྱུད་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ཅེས་དང་། ལ་དྭགས་སུ་ཆོས་ལུགས་ཀྱི་མཐུན་འབྲེལ་ཧ་ཅང་ཡག་པོ་རེད། ལ་དྭགས་སུ་མོ་ཧ་མོ་དུ་ཁ་ཆེའི་ཆོས་ལུགས་བྱེད་མཁན་ཆོས་གྲོགས་མང་པོ་ཡོད་པ་ཚང་མ་མཐུན་པོ་བྱས་ཏེ་སྡོད་པ་ནི་ཧ་ཅང་ཡག་པོ་རེད། འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་ལ་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མས་སེམས་བཟང་པོ་དང་མི་ལ་ཕན་སེམས་བྱེད་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད། དེར་བརྟེན། ལ་དྭགས་སུ་ཁྱོད་ཚོ་མོ་ཧ་མོ་དུའི་རྗེས་འབྲངས་གང་འཚམ་འདུག ཚང་མ་ཐུགས་མཐུན་ཁྲིམས་གཙང་ཧ་ཅང་ཡག་པོ་རེད་འདུག

ངོས་རང་འཛམ་གླིང་འདིའི་སྟེང་གི་མི་ཞིག་རེད། འཛམ་གླིང་གི་མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་འདོད་པའི་ཐོབ་ཐང་མི་ཚང་མར་གཅིག་མཚུངས་རེད། དེར་བརྟེན། ངོས་རང་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིར་བདེ་སྐྱིད་ཡོད་པ་དང་། དམག་འཁྲུག་མེད་པ། ཕན་ཚུན་ལ་འཆམ་མཐུན་ཅན་གྱི་འཛམ་གླིང་ཞིག་ཡོང་ཐུབ་ན་བསམས་ནས་འབད་བརྩོན་བྱེད་བཞིན་ཡོད། ངོས་རང་ལ་ཞི་བདེའི་གཟེངས་རྟགས་རག་པ་དེའང་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་བྱས་པས་ཐོབ་པ་རེད། ངོས་ཀྱིས་ངོ་ཤེས་པ་མང་པོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་དང་ཆབས་ཅིག་འཛམ་གླིང་འདིར་ག་ལེར་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་ང་ཚོའི་དཔེ་ཆའི་ནང་དུ་ཡོད་པ་རེད་ལ། ཚན་རིག་པས་ཀྱང་བཤད་ཀྱི་འདུག ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཡིན་ནའང་ངོས་རང་ཆུང་ཆུང་སྐབས་སུ་ལྷ་སའི་ཉེ་འཁོར་གྱི་རི་རྒྱུད་དུ་དགུན་ཁ་གངས་མང་ཙམ་འདུག་གི་ཡོད་ཀྱང་། ངོས་ཀྱི་མི་ཚེ་འདི་རང་གི་ནང་དུ་གངས་ཉུང་དུ་ཉུང་དུ་ཕྱིན་སོང་། འཛམ་གླིང་གི་ཚ་དྲོད་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་བཞིན་པ་ཞིག་རེད། དེར་བརྟེན། ཁོར་ཡུག་ལ་ཤིང་སྣ་འདེབས་འཛུགས་བྱེད་པ་དང་། ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ལས་དེང་སང་ལ་དྭགས་སུ་སྔོ་ལྗང་ཧ་ཅང་མང་དུ་ཕྱིན་འདུག ཧ་ཅང་ཡག་པོ་རེད། ད་དུང་ཁོར་ཡུག་ཡག་པོ་ཡོང་བ་ལ་ཚང་མས་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧུར་ཐག་བྱེད་རོགས།

དེ་ནས་འདིར་གཙང་པོ་སེང་གེ་ཁ་འབབ་ཡོད་པ་རེད། འདི་ལ་ག་ཚོད་ཐུབ་ཐུབ་ཀྱིས་སྲུང་སྐྱོབ་དང་ཁོར་ཡུག་སྔོ་ལྗང་ཡོང་བ་ལ་ཁྱེད་རང་ཚོས་འབད་བརྩོན་བྱེད་དགོས་པ་རེད། ངོས་ཀྱི་མི་རབས་འདིར་འཛམ་གླིང་གི་ཚ་དྲོད་མཐོ་བོ་སླེབས་པ་ཕལ་ཆེར་མཐོང་གི་མ་རེད། ང་ཚོའི་མི་རབས་རྗེས་མ་ཚོའི་སྐབས་སུ་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་ནས་ཆུ་དཀོན་པོ་དང་། སྔོ་ལྗང་གི་རིགས་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། མི་རབས་རྗེས་མའི་དོན་དུ་ད་ལྟའི་མི་རབས་འདིས་དོ་སྣང་བྱེད་དགོས་པ་ཞིག་རེད། མཐའ་དོན་དེ་རིང་འདིར་ངོས་ལ་གཟེངས་རྟགས་གསོལ་རས་གནང་བ་རེད། དངོས་གནས་དྲང་གནས་ཁྱོད་རང་ཚོའི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གཟེངས་རྟགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་རྡ་རམ་ས་ལར་ཆར་དུས་སུ་བཞའ་ཚན་ཧ་ཅང་ཆེན་པོ་ཡིན་པ་དང་། ལ་དྭགས་སུ་ས་སྐམ་པོ་ཡིན་པས་མགོན་པོ་གང་ཉིད་མཆོག་གུང་སེང་ལྟ་བུར་ཕེབས་ཀྱི་ཡོད་པ་དང་། ལོ་རེར་རྒྱ་གར་གྱི་དམའ་ས་ཁུལ་དུ་ཆར་ཤུགས་ཆེ་དུས་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པའི་བཀའ་སློབ་སྩལ་འདུག

ཡོངས་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།