20
Sat, Apr

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛི་རཱ་ཛེ་ཡ(Uzra Zeya)། པར། ཨ་ཛི་རཱ་ཛེ་ཡའི་འཕྲུལ་སྒྲ་ལས་བླངས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༢༡ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཡིས་ཨ་ཛི་རཱ་ཛེ་ཡ(Uzra Zeya)ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད་པར་གསལ་བསྒྲགས་སྤེལ་འདུག དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་དགའ་བསུའི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་འདུག

དེ་ཡང་། ཟླ་འདིའི་ཚེས་༢༡ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)་ཡིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་དམངས་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ཨ་ཛི་རཱ-ཛེ་ཡ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

གསལ་བསྒྲགས་དེའི་ནང་དུ་འཁོད་དོན་ལྟར་ན། ངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་དམངས་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ཨ་ཛི་རཱ་ཛེ་ཡ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་ཞུས་ཡོད་ཅིང་། ཁོང་མོས་བོད་དོན་དང་འབྲེལ་བའི་ཨ་རི་གཞུང་གི་སྲིད་བྱུས་དང་། ཨ་རི་གཞུང་གིས་གཏན་འབེབས་གནང་བའི་ཕྱི་ལོ་༢༠༠༢་ལོའི་བོད་དོན་སྲིད་བྱུས་(Tibetan Policy Act of 2002) ཞེས་པ་བསྐྱར་བཅོས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ (Tibetan Policy and Support Act of 2020) ཞེས་གཏན་འབེབས་གནང་བ་གཞིར་བཟུང་འབྲེལ་མཐུད་གནང་རྒྱུ་དང་། ལྷག་པར་དུ་ཨ་ཛི་རཱ་ཛེ་ཡ་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དབར་བོད་དོན་གྲོས་མཐུན་ཡོང་སླད་རྒྱབ་སྐྱོར་གནང་རྒྱུ། ཞེས་གཏན་འབེབས་གནང་ཡོད་པའི་ཨ་རིའི་བོད་དོན་སྲིད་བྱུས་གཞི་བཟུང་གིས་ཁོང་མོས་ཕྱག་གནང་རྒྱུ་ཡིན་སྐོར་གསལ་འདུག

ད་དུང་། བོད་ཀྱི་ཆོས་དང་། རིག་གཞུང་། རང་དབང་སོགས་ཀྱི་ཐད་ནས་འཁོད་དོན། ལྕམ་སྐུ་མཆོག་གིས་བོད་མིའི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ལོ་རྒྱུས་ཀྱི་ཤུལ་དངོས་བཅས་མི་ཉམས་རྒྱུན་འཛིན་དང་། ཆོས་དད་རང་དབང་ཆེད་དུ་རྒྱབ་སྐྱོར་གནང་རྒྱུའི་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་གཞི་རྩའི་རང་དབང་བཅས་ལ་བརྩི་བཀུར་དང་གོང་མཐོར་སྤེལ་གནང་རྒྱུ་ཡིན་པར་མ་ཟད། ཨ་རི་གཞུང་གིས་བཙན་བྱོལ་བོད་མིའི་དགོས་མཁོའི་དཀའ་ངལ་སེལ་བཞིན་པར་རྒྱབ་སྐྱོར་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རི་ཚུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་གནས་སྡོད་བྱེད་བཞིན་བཙན་བྱོལ་བོད་མི་རྣམས་ལ་སྡིགས་ར་སྐུལ་བཞིན་པའི་དཀའ་ངལ་སེལ་སླད་ལའང་རྒྱབ་སྐྱོར་གནང་རྒྱུ་ཡིན་ལ། ད་དུང་། བོད་མཐོ་སྒང་གི་རང་བྱུང་ཐོན་ཁུངས་དང་། ཁོར་ཡུག ཆུ་བོ་རྣམས་ཡུན་གནས་ཆེད་དུ་སྲུང་སྐྱོབ་དང་གོང་མཐོར་གཏོང་རྒྱུ། ཞེས་གསལ་འདུག

གཞན་ཡང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཀྱི་ཐད་ནས་འདི་ལྟར་འཁོད་དོན། དེ་བཞིན་རྒྱུན་དུ་ཨ་རིའི་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་(Reciprocal Access to Tibet Act of 2018) གཞིར་བཞག་ཐོག་ཨ་རིའི་གཞུང་གི་ལས་བྱེད་དང་། གསར་འགོད་པ། ཨ་རིའི་མི་སེར་བཅས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་གོང་མཐོར་སྤེལ་རྒྱུ་དང་། ཨ་རིའི་གྲོས་ཚོགས་དང་། ཨ་རིའི་རྒྱལ་སྤྱིའི་ཕྱོགས་གཏོགས་དང་། མཉམ་འབྲེལ། སྤྱི་དམངས་ཚོགས་སྡེ་བཅས་ཀྱི་སྐུ་ཚབ་རྣམས་དང་། བོད་མིའི་ཆོས་དང་རིག་གཞུང་། ཆབ་སྲིད་བཅས་ཀྱི་དབུ་ཁྲིད་རྣམ་པ་བཅས་དང་ལྷན་དུ་བོད་དོན་སྐོར་རིག་པ་སྒྲིམ་ནས་ཕྱག་ལས་གནང་རྒྱུ་རེད། ཅེས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཁོང་མོའི་ཕྱག་ལས་གནང་ཕྱོགས་གསལ་པོར་འཁོད་འདུག

དེ་ལྟར། ཨ་ཛི་རཱ་ཛེ་ཡ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་ལ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་དོན། ཨ་རིའི་གཞུང་གིས་སྐུ་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ནང་བོད་མིར་རྒྱབ་སྐྱོར་ཤུགས་ཆེན་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། བཟང་ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད་པ་མཚོན་གྱི་ཡོད། སྐུ་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དོན་ཕན་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད། སྐུ་ཉིད་སྒེར་གྱི་ངོས་ནས་མང་གཙོའི་ལས་འགུལ་བ་དང་སྨྲ་བརྗོད་རང་དབང་ཞུ་གཏུག་པ་རྣམས་དང་ལྷན་ཕྱག་ལས་གནང་བའི་ཉམས་མྱོང་གཞིར་བཞག་ཐོག་འཛམ་གླིང་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་སྤེལ་བཞིན་ཡོད་པས་ཕྲན་རང་ཉིད་ཧ་ཅང་སེམས་འགུལ་ཐེབས་སོང་།

ལྷག་པར་འདི་ལོའི་ཕྱི་ཟླ་ ༤ ནང་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྐུ་ཉིད་ཀྱིས་འོས་མིའི་ཉན་ཞིབ་གནང་སྐབས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་དྲག་གནོན་བྱེད་བཞིན་པའི་སྐོར་ཐུགས་སྣང་དགོས་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་བརྒྱུད་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་མི་མང་གི་དཀའ་ངལ་སེལ་ཐབས་གནང་རྒྱུའི་ཐུགས་འདོད་ཡོད་པའི་སྐོར་གསུང་བཤད་གནང་བ་དེས་ཕྲན་རང་ཉིད་ཧ་ཅང་སེམས་འགུལ་ཐེབས་བཅུག་སོང་། གོ་སྐབས་འདི་བརྒྱུད་ངས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་ (Antony J. Blinken) མཆོག་གིས་སྐུ་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཨ་རི་ནི་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྲས་ཡིན། དེ་སྔའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ (Congressional Gold Medal) ཕུལ་ཡོད། དེ་བཞིན་ཨ་རིའི་གཞུང་གིས་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་ཡོད་པས་ཨ་རི་ནི་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ལྕམ་སྐུ་མཆོག་དང་གང་མགྱོགས་མཇལ་འཕྲད་ཞུས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱག་ལས་གནང་ཐུབ་པའི་རེ་ལྟོས་བྱེད་ཀྱི་ཡོད། ཅེས་གསུངས་འདུག

དེ་བཞིན་དུ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་དོན། སྐུ་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ཐོག་མར་འཚམས་འདྲི་ཞུ་རྒྱུ་དང་། ཆབས་ཅིག་ཨ་རིའི་གཞུང་ནས་དུས་ཐོག་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་ལའང་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ནས་བོད་དོན་དང་འབྲེལ་བའི་ཨ་རིའི་གཞུང་གི་སྲིད་བྱུས་དང་། ལས་གཞི་ཁག་གི་འབྲེལ་མཐུད་ཀྱི་ཐུགས་འགན་བཞེས་པར་ང་ཚོ་ཚང་མ་དགའ་སྤོབས་ཆེན་པོ་བྱུང་།

སྐུ་ཉིད་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་རིང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུའི་ཐོག་འབད་བརྩོན་གནང་སྟེ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུར་ང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། སྐུ་ཉིད་ཀྱི་དུས་ཡུན་རིང་རྒྱ་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཁག་ལ་ཨ་རིའི་གཞུང་ནས་བཀག་འགོག་དང་། དེ་བཞིན་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་ཐོག་ལའང་ཕྱག་ལས་གནང་རྒྱུ་ཡིན་པའི་རེ་བ་ཞུ་གི་ཡོད་ཅེས། གསུངས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།