18
Tue, Jan

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༣་ཉིན་སྤེལ། འཚོགས་ལ་ཉེ་བའི་༢༠༢༢་ལོའི་དགུན་དུས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་། ཨ་རི་དང་། ཨོ་གླིང་། དབྱིན་ཡུལ་སོགས་ཀྱིས་རྩེད་འགྲན་པ་མི་གཏོང་རྒྱུའི་ཐོག་བསམ་བློ་གཏོང་བཞིན་ཡོད་འདུག ཁ་སང་། བུད་མེད་ཊེ་ནི་སི་ཚོགས་པས་རྒྱ་ནག་དང་ཧོང་ཀོང་ནང་ཊེ་ནེ་སིའི་རྩེད་མོ་རྣམས་མཚམས་འཇོག་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་ཡོད་འདུག 

དེ་ཡང་། ཟླ་འདིའི་ཚེས་༢་ཉིན། ཨ་རིར་རྟེན་གཞི་བྱས་ཡོད་པའི་བུད་མེད་ཊེ་ནི་སི་ཚོགས་པས་རྒྱ་ནག་དང་ཧོང་ཀོང་ནང་ཊེ་ནེ་སིའི་རྩེད་མོ་རྣམས་མཚམས་འཇོག་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་ཡོད་ཅིང་། དེའི་རྒྱུ་མཚན་ནི། ཚོགས་པ་དེའི་རྩེད་འགྲན་པ་པེན་ཧྲི(Peng Shuai)་རྒྱ་ནག་ཏུ་བཙན་བཀག་བྱས་ཡོད་པས་ཡིན་སྐོར་བརྗོད་འདུག ཊེ་ནི་སི་རྩེད་མཁན་རྒྱ་མི་པེན་ཧྲི་ཡིས་ཉེ་སྔོན་ཁོ་མོར་དེ་སྔོན་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པས་བཙན་གཡེམ་བཏང་བའི་སྐོར་སྤྱི་ཚོགས་དྲ་རྒྱའི་ཐོག་སྤེལ་རྗེས། ཁོ་མོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

དེའི་རྗེས། བུད་མེད་ཊེ་ནི་སི་ཚོགས་པ་དང་། རྒྱལ་སྤྱིའི་ཚོགས་པའི་འགོ་ཁྲིད་སོགས་ཀྱིས་གནོན་ཤུགས་འོག པེན་ཧྲི་ཕྱིར་ཐོན་པ་རེད། འོན་ཀྱང་། ཁོ་མོར་ད་དུང་ཡང་རང་དབང་མེད་རྐྱེན། བུད་མེད་ཊེ་ནི་སི་ཚོགས་པས་ཚོགས་པ་དེའི་དམིགས་ཡུལ་བུད་མེད་ལ་འདྲ་མཉམ་དང་སྲུང་སྐྱོབ་བྱེད་ཆེད་དང་། རང་ཉིད་ཀྱི་རྩེད་འགྲན་པ་རྣམས་པེན་ཧྲི་བཞིན་མི་ཡོང་བའི་ཆེད། རྒྱ་ནག་ནང་དུ་ཊེ་ནི་སིའི་རྩེད་མོ་རྣམས་མཚམས་འཇོག་བྱ་རྒྱུའི་་གསལ་བསྒྲགས་སྤེལ་ཡོད་འདུག

གཞན་ཡང་། ཨོ་གླིང་གི་གྲོས་ཚོགས་འཐུས་མི(Senator Abetz)་གཙོས་ལས་བྱེད་པ་མང་པོ་ཞིག་གིས་ཨོ་གླིང་གཞུང་ལ་རྩེད་འགྲན་པ་རྣམས་༢༠༢༢་ལོའི་དགུན་དུས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་ལ་མི་གཏོང་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་འདུག རྒྱ་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་། སོག་པོ་བཅས་སུ་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་བརྟེན། གྲོས་ཚོགས་འཐུས་མི་ཁོང་གིས་ཨོ་གླིང་གཞུང་ནས་རྩེད་འགྲན་པ་རྣམས་པེ་ཅིན་དུ་མི་གཏོང་རྒྱུའི་དགོས་འདུན་བཏོན་འདུག

ད་དུང་ཁོང་གིས་བརྗོད་དོན། ཨོ་གླིང་གིས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱབ་སྐྱོར་གནང་ནས། ༢༠༢༢་ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་མིན་སྐོར་གསལ་བསྒྲགས་སྤེལ་ཐུབ་ན། ཨ་རི་དང་། དབྱིན་ཡུལ། ཁེ་ན་ཌ་བཅས་ཀྱིས་དེ་ལྟར་བྱེད་སྲིད་པ་རེད། ཅེས་བརྗོད་འདུག

ཨ་རིའི་སྲིད་འཛིན་ཇོར་བྷ་ཌན་གྱིས་ཉེ་སྔོན་༢༠༢༢་ལོའི་དགུན་དུས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་དུ། ཨ་རིའི་རྩེད་འགྲན་པ་རྣམས་མི་གཏོང་རྒྱུའི་བསམ་བློ་གཏོང་བཞིན་ཡོད་སྐོར་བརྗོད་འདུག དེའི་རྗེས། དབྱིན་ཡུལ་གྱི་སྲིད་བློན་བྷོ་རུ་ཇོན་སུན་གྱིས་ཁོ་ཚོའི་རྩེད་འགྲན་པ་རྣམས་༢༠༢༢་ལོའི་ཨོ་རྩལ་འགྲན་ཚོགས་ལ་མ་གཏོང་རྒྱུའི་སྐོར་བསམ་བློ་གཏོང་བཞིན་ཡོད་སྐོར་ཡང་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།