29
Fri, Mar

ཨ་རིའི་སྲིད་འཛིན་གསར་པ་ཇོར་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀམ་མ་ལ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༡༦ཉིན་སྤེལ། ཨ་རིའི་སྲིད་འཛིན་འོས་བསྡུའི་ལྷན་རྒྱས་ཀྱིས་གཞུང་འབྲེལ་ཐོག་ནས་ཇོར་བྷ་ཌན་ཨ་རིའི་སྲིད་འཛིན་གསར་པ་འོས་འདེམས་བྱུང་བར་གཏན་འབེབས་བྱས་ཡོད་པ་དང་། ཇོར་བྷ་ཌན་གྱིས་གཞུང་འཛིན་ལས་ཁུངས་ལ་ད་བར་མི་སྣ་༡༩་བདམས་ཡོད་པ་དང་། དེའི་ནང་ནས་མི་སྣ་བཅུ་བུད་མེད་ཡིན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༤ཉིན། ཨ་རིའི་སྲིད་འཛིན་འོས་བསྡུའི་ལྷན་རྒྱས་(Electoral College)ཀྱིས་མངའ་སྡེ་ཁག་གི་འོས་ཤོག་ཁྱོན་༥༣༨་ཡོད་པའི་ནང་ནས་ཇོར་བྷ་ཌན་ལ་འོས་ཤོག་༣༠༦་ཡོད་ཐོབ་ཡོད་པར་གཞུང་འབྲེལ་ཐོག་ནས་གཏན་འབེབས་གནང་ནས། ཇོར་བྷ་ཌན་ནི་ཨ་རིའི་སྲིད་འཛིན་གསར་པ་གྱུར་ཡོད་འདུག འོས་བསྡུའི་ལྷན་རྒྱས་ནི་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་འོས་འདེམས་བྱ་རྒྱུའི་ཆེད། མངའ་སྡེ་སོ་སོའི་འོས་བསྡུ་བ་ཚོས་བདམས་པའི་འོས་བསྡུ་པའི་སྡེ་ཚོགས་ཤིག་ཡིན་འདུག

ཨ་རི་སྲིད་འཛིན་ནི་མི་མང་གིས་ཁ་ཐུག་འོས་ཤོག་བླུགས་ཀྱི་ཡོད་པ་མ་ཟད། མངའ་སྡེ་སོ་སོས་ཀྱང་སྲིད་འཛིན་ལ་འོས་བླུགས་པའི་ཐོབ་ཐང་ཡོད་འདུག རྒྱལ་ཡོངས་འོས་བསྡུའི་འོས་གྲངས་དང་། མངའ་སྡེ་ཁག་གི་འོས་གྲངས་བཅས་ཀྱི་ཐོག་ནས་ཨ་རིའི་སྲིད་འཛིན་སུ་ཡོང་མིན་ཐག་གཅོད་གནང་གི་ཡོད་འདུག སྤྱི་མངའ་སྡེ་ཁག་ལ་ཁྱོན་འོས་ཤོག་༥༣༨ཡོད་པ་དང་། སྲིད་འཛིན་འོས་མི་སུ་ཞིག་ལ་འོས་ཤོག་༢༧༠་དང་དེ་ལས་མང་བར་ཐོབ་ཚེ་རྒྱལ་ཁ་ཐོབ་ཀྱི་ཡོད་འདུག ཇོར་བྷ་ཌན་ལ་མངའ་སྡེ་ཁག་ནས་འོས་ཤོག་༣༠༦་ཐོབ་ཡོད་འདུག སྲིད་འཛིན་ཊོམ་ལ་མངའ་སྡེ་ཁག་གིས་འོས་ཤོག་༢༣༢་ཐོབ་ཡོད་འདུག

ཨ་རིའི་སྲིད་འཛིན་གསར་པ་ཇོར་བྷ་ཌན་གྱིས་ཁོང་གི་བཀའ་ཤག་གམ་འཛིན་སྐྱོང་ལས་ཁུངས་ཀྱི་མི་སྣ་བདམས་དང་འདེམ་བཞིན་ཡོད་འདུག ད་བར་ཇོར་བྷ་ཌན་གྱིས་ཨ་རིའི་སྲིད་འཛིན་གཞོན་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ། ཨ་རི་གསང་བའི་ལས་ཁུངས་ཀྱི་འགན་འཛིན། ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ། ཨ་རིའི་བདེ་སྲུང་ལྷན་ཁང་གི་འགན་འཛིན། ནོར་སྲིད་སྤྱི་ཁྱབ་ལས་ཁུངས་ཀྱི་དྲུང་ཆེ། རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱི་དྲུང་ཆེ། ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་ཀྱི་འགན་འཛིན། ཞིང་ལས་ལས་ཁུངས་ཀྱི་དྲུང་ཆེ། འཕྲོད་བསྟེན་དང་མི་མང་ཞབས་ཞུ་ཁང་གི་དྲུང་ཆེ། གྲོང་ཁྱེར་དང་ཁྱིམ་ལས་ཁུངས་ཀྱི་དྲུང་ཆེ་སོགས་མི་སྣ་བཅུ་དགུ་བདམས་ཡོད་པ་དང་། དེའི་ནང་ནས་བུད་མེད་བཅུ་ཡོད་འདུག ད་དུང་མི་སྣ་བཅུ་བདམ་དགོས་ཀྱི་ཡོད་འདུག མཐའ་མར་བདམས་ཟིན་པའི་མི་སྣ་འདི་དག་ཨ་རིའི་གྲོས་ཚོགས་གོང་མས་རྒྱབ་སྐྱོར་དགོས་ཀྱི་ཡོད་འདུག 

ཇོར་བྷ་ཌན་སྲིད་འཛིན་ལ་ལངས་སྐབས་ཀྱི་ལས་འཆར་ཁག་ནི། ཁོང་གིས་ཨ་རི་ནང་དུ་ཏོག་དབྱིབས་ནད་དུག་འགོག་ཐབས་གང་ཐུབ་བྱ་རྒྱུ་དང་། ཨ་རིའི་དཔལ་འབྱོར་ཡར་རྒྱས་གཏང་རྒྱུ། མི་མང་ལ་ལས་ཀའི་གོ་སྐབས་སྤྲོད་རྒྱུ། གྲངས་ཉུང་མི་རིགས་ལ་སྤྱི་ཚོགས་དང་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ། སྲིད་འཛིན་ཊོམ་གྱི་ཕྱིར་འཐེན་བྱས་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་བསྐྱར་དུ་འཇོག་རྒྱུ། རྒྱལ་སྤྱིའི་ཐོག་ཨ་རིའི་སྐད་གྲགས་སླར་གསོ་བྱ་རྒྱུ། ཨ་རིའི་མཐུན་གྲོགས་རྒྱལ་ཁབ(NATO)་སོགས་དང་མཐུན་སྒྲིལ་བྱ་རྒྱུ་དང་། རྒྱ་ནག་གིས་ཁོར་ཡུག་དང་ཚོང་འབྲེལ་ཐོག་དྲང་བདེན་བྱེད་ཀྱི་མེད་པར་འགན་ཁུར་བཅུག་རྒྱུ། ༸གོང་ས་མཆོག་དང་ཐུག་འཕྲད་གནང་རྒྱུ། འཕྲོད་བསྟེན་མཐུན་རྐྱེན་ཡར་རྒྱས་གཏང་རྒྱུ། སྲིད་འཛིན་ཊོམ་གྱིས་གནས་སྤོ་བ་དང་ནང་མི་ཁ་བྲལ་བཏང་བའི་སྲིད་ཇུས་ཕྱིར་འཐེན་བྱ་རྒྱུ། སློབ་སྦྱོང་ཐོག་ནས་མཐོ་སློབ་སློབ་མ་ཚོའི་བུ་ལོན་གུ་ཡངས་དང་ཆག་ཡང་གཏང་རྒྱུ་སོགས་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།