21
Wed, Oct

རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྒྱ་མོ་དང་རྒྱ་གར་གསར་འགོད་པ་ཤར་མཱ། བལ་ཡུལ་གྱི་སྐྱེས་པ་ཤེར-སིང་བཅས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢༡ཉིན་སྤེལ། རྒྱ་གར་ཉེན་རྟོག་པས་རྒྱ་ནག་གི་གསང་ཉུལ་བ་རྒྱ་གར་གྱི་གསར་འགོད་པ་ཞིག་འཛིན་བཟུང་བྱས་ཡོད་ཅིང་། ཁོས་༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་དང་། རྒྱ་གར་ས་མཚམས་ཀྱི་གསང་བའི་གནས་ཚུལ་བཅས་རྒྱ་གཞུང་གི་གསང་བའི་ལས་ཁུངས་ལ་སྤྲོད་ཀྱི་ཡོད་སྐོར་ཤེས་རྟོགས་བྱུང་འདུག

དེ་ཡང་། ཟླ་འདིའི་ཚེས་༡༩ཉིན། རྒྱ་གར་ཧིན་རྡུ་དུས་བབ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྡི་ལིའི་ཉེན་རྟོག་པས་རཱ་ཇེ་ཧྥོ-ཤར་མཱ(Rajeev Sharma)ཟེར་བའི་རང་དབང་གསར་འགོད་པ་ཞིག་རྒྱ་ནག་གི་གསང་བའི་ལས་ཁུངས་དང་འབྲེལ་བ་ཡོད་པར་ར་སྤྲོད་བྱུང་ནས་འཛིན་བཟུང་བྱས་འདུག ཁོ་དང་འབྲེལ་བ་ཡོད་པའི་རྒྱ་མོ་ཆིང་ཧྲི(Qing shi)ཞེས་པ་ཞིག་དང་བལ་ཡུལ་གྱི་སྐྱེས་པ་ཤེར-སིང(Sher Singh)ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པར་འགྲེལ་བརྗོད་བྱས་འདུག

ལྡི་ལིའི་ཉེན་རྟོག་ལས་ཁུངས་ཀྱི་སྐུ་ཚབ་སན་ཇི་ཧྥི-ཡཱ་ཌི(Sanjeev Yadav)ལགས་ཀྱིས་བརྗོད་དོན། རཱ་ཇེ་ཧྥོ-ཤར་མཱ(Rajeev Sharma)ནི་༢༠༡༦་ལོར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་ལས་མི་མེ་ཁིལ(Michael)ཟེར་བ་ཞིག་དང་འབྲེལ་བ་བྱུང་འདུག སྐབས་དེར། ཤར་མཱ་ཡིས་ཧིན་བོད་འབྲུག་བཅས་ཀྱི་ས་མཚམས་འབྲོག་ལམ་སོགས་ཀྱི་ས་ཁུལ་དུ་རྒྱ་གར་གྱི་དམག་དཔུང་འགྲེམས་འཇོག་བྱས་ཡོད་པའི་གསང་བའི་གནས་ཚུལ་རྣམས་མེ་ཁིལ་ལ་སྤྲད་འདུག དེ་བཞིན་ཤར་མཱ་ཡིས་རྒྱ་གར་དང་འབར་མ་དབར་གྱི་དམག་གི་མཉམ་སྦྲེལ་གནས་ཚུལ་དང་། ཧིན་བོད་ས་མཚམས་ཀྱི་ཞིབ་ཕྲའི་གནས་ཚུལ་བཅས་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་སྤྲད་འདུག

ད་དུང་ཉེན་རྟོག་པ་འདི་ཡིས་བརྗོད་དོན། ཕྱི་ལོ་༢༠༡༩་ལོའི་ཟླ་༡་ནང་དུ། ཤར་མཱ་རྒྱ་ནག་གྲོང་ཁྱེར་ཁུན་མིན(Kunming)དུ་ཡོད་པའི་རྒྱ་མིའི་ཚོགས་པ་ཞིག་གི་ལས་བྱེད་ཇོར་ཆི(George)ཟེར་བ་ཞིག་དང་འབྲེལ་བ་བྱུང་འདུག དེ་ནས་ཤར་མཱ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་བརྒྱུད་ནས་གྲོང་ཁྱེར་ཁུན་མིན་ལ་ཇོར་ཆིར་ཐུག་ཏུ་ཕྱིན་འདུག སྐབས་དེར། ཇོར་ཆི་ཟེར་བ་ཡིས་ཤར་མཱ་ལ་༸ཏཱ་ལའི་བླ་མ་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་དང་ཁོང་གི་སྐོར་གསར་འགྱུར་འབྲི་རྒྱུའི་རེ་སྐུལ་བྱས་ཏེ་གསར་འགྱུར་རེ་ལ་ཨ་སྒོར་༥༠༠་སྤྲོད་པར་བྱས་འདུག དེ་ཡང་། ལྡི་ལིར་ཡོད་པའི་རྒྱ་ནག་གི་ཚོང་གཉེར་ཁང་ཞིག་ནས་སྒོར་མོ་དེ་སྤྲོད་རྒྱུ་བྱས་འདུག ཚོང་གཉེར་ཁང་དེའི་བདག་པོ་ནི་ཇོར་ཆིའི་ཨ་ཅག་ཆིང(གོང་དུ་འཛིན་བཟུང་བྱས་པའི་རྒྱ་མོ)ཟེར་བ་དེ་ཡིན་འདུག

༢༠༡༩་ལོར་རཱ་ཇི་ཧྥོ-ཤར་མཱ་ལ་རྒྱ་མིའི་ཚོང་གཉེར་ཁང་དང་ཕྱི་རྒྱལ་དངུལ་བརྗེ་ལེན་ཁང་བཅས་བརྒྱུད་ནས་ཧིན་སྒོར་ས་ཡ་གསུམ་རེག་འདུག ཅེས་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག ལོ་ན་༦༡་ཡིན་པའི་རང་དབང་གསར་འགོད་པ་རཱ་ཇི་ཧྥོ-ཤར་མཱ་ཡིས་རྒྱ་གཞུང་གིས་བདག་གཉེར་བྱས་པའི་གོ་ལའི་དུས་བབ(Global Times)ལ་གསར་འགྱུར་བྲིས་ཡོད་འདུག ཤར་མཱ་དང་རྒྱ་མི་དེ་ཚོས་ཕན་ཚུན་ལ་མྱུར་འཕྲིན་དང་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་འབྲེལ་བ་བྱས་ཡོད་པ་མ་ཟད། ཁོ་ཚོ་རྒྱ་ནག་དང་ལོའ་སུ(Laos)། མལ་ཌི་ཧྥོ(Maldives)་བཅས་ནས་ཀྱང་ཐུག་འདུག

རཱ་ཇེ་ཧྥོ-ཤར་མཱ་ནི་ཟླ་འདིའི་ཚེས་༡༤ཉིན་ལྡི་ལིའི་ཉེན་རྟོག་པས་འཛིན་འཛིན་བྱས་འདུག སྐབས་དེར་ཤར་མཱ་ལ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བའི་གསང་བའི་ཡིག་ཆ་ཡོད་པར་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།